དམར་ཤོག་ཚོཊ་པའི་བསམ་བློའི་སློབ་སྟོན་པ་ཝང་ཧུ་ནིན།

རྒྱ་ནག་དམར་ཤོག་ཚོགས་པའི་མི་རབས་གསུམ་གྱི་བསམ་བློའི་སློབ་སྟོན་པ་ཝང་ཧུ་ནིན་ཟེར་བ་དེ་རྒྱ་ནག་དབུས་ཆབ་སྲིད་དྲིལ་བསྒྲགས་བསམ་བློའི་སློབ་སྟོན་ཚོགས་ཆུང་གི་མགོ་འཁྲིད་དུ་བསྐོ་འཆར་ཡོད་སྐོར་རྗོད་ཀྱི་འདུག

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དུ་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་དབུས་སྲིད་ཇུས་ཉམས་ཞིབ་ཁང་གི་ཚོགས་གཙོ་དང་དམར་ཤོག་ཚོགས་པའི་ཁྱོན་ཡོངས་ནས་གཏིང་ཟབ་བཅོས་སྒྱུར་སློབ་སྟོན་ཚོགས་ཆུང་གི་དྲུང་ཆེ་ཝང་ཧུ་ནིན་ (Wang Huning) ཟེར་བ་དེ། རྒྱ་ནག་དམར་ཤོག་གཞུང་སྒྲུབ་ཁང་གི་ཚོགས་གཙོ་དང་། དབུས་དྲིལ་བསྒྲགས་བསམ་བློའི་སློབ་སྟོན་ཚོགས་ཆུང་གི་མགོ་ཁྲིད་ལུའུ་ཡུན་ཧྲན་ (Liu Yunshan) གྱི་ཚབ་ཏུ་བསྐོ་འཆར་ཡོད་སྐོར་དང་། ཝང་ཧུ་ནིན་ཟེར་བ་དེ་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙི་མིན་གྱི་མཚོན་བྱེད་གསུམ་ (“Three Represents) དང་ཧུའུ་ཅིན་ཐོ་ཡི་ཚན་རིག་འཕེལ་རྒྱས་ཀྱི་ལྟ་བ་ (Scientific Development Concept)། ཞི་ཅིན་ཕིན་གྱི་རྒྱ་ནག་གི་རྨི་ལམ་ (Chinese Dream) བཅས་ཀྱི་བསམ་བློའི་སློབ་སྟོན་པ་ཡིན་པར་མ་ཟད། ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཝང་ཧུ་ནིན་གྱི་མིང་ལ་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལྟེ་གནས་ (中南海) ཀྱི་ཆེས་མཐོའི་དབུ་ཁྲིད་ཅེས་ཀྱང་འབོད་ཀྱི་འདུག

གསར་འགྱུར་བརྒྱུད་ལམ་དུ། ལུའུ་ཡུན་ཧྲན་ཟེར་བ་དེ་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དཔོན་རིགས་བདུན་གྲས་ཀྱི་གཅིག་ཡིན་པ་དང་། ཁོས་འདས་པའི་ལོ་ངོ་ ༡༠ རིང་རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་ལྷན་ཁང་དང་དབུས་དྲིལ་བསྒྲགས་བསམ་བློའི་ལམ་སྟོན་ཚོགས་ཆུང་གཉིས་ཀྱི་སྣེ་འཁྲིད་དེ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་དང་། ཝང་ཧུ་ནིན་ཟེར་བ་དེ་དབུས་ཆབ་སྲིད་ལྷན་ཁང་གི་ཚོགས་མི་དཔོན་རིགས་ ༡༨ གྲས་ཀྱི་གཅིག་ཡིན་པ་དང་། ཁོས་འདས་པའི་ལོ་ངོ་ ༡༥ རིང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་སྲིད་བྱུས་ཉམས་ཞིབ་དང་དམར་ཤོག་ཚོགས་པའི་མི་རབས་གསུམ་གྱི་བསམ་བློའི་སློབ་སྟོན་པ་བྱས་མྱོང་ཡོད་ནའང་། ཁོ་ལ་ལུའུ་ཡུན་ཧྲན་ནང་བཞིན་གྱི་དབུས་ཆབ་སྲིད་འཛིན་སྐྱོང་སྐོར་ལ་ཉམས་མྱོང་མེད་སྐོར་བརྗོད་འདུག

ལུའུ་ཡུན་ཧྲན་ནི་ནང་སོག་གི་མི་ཡིན་པ་དང་། ཕྱི་ལོ་ ༡༩༧༡ ལོར་རྒྱ་ནག་དམར་ཤོག་ཚོགས་ཁོངས་སུ་ཞུགས་ཤིང་། ༡༩༧༥ ལོར་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གི་གསར་འགོད་པ་དང་། ༡༩༨༥ ལོར་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་བརྗེ་ཚབ་རྒྱུན་ལས། ༡༩༨༦ ལོ་ནས་ ༡༩༨༧ བར་ནང་སོག་དམར་ཤོག་དྲུང་ཆེ་དང་དྲིལ་བསྒྲགས་འགན་འཛིན། ༡༩༩༡ ལོར་ནང་སོག་ཤར་རྒྱུད་ཀྲེ་ཧྥང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་དང་། ནང་སོག་རང་སྐྱོང་ཁུལ་དབུས་ཆབ་སྲིད་ལྷན་ཁང་གི་འགན་འཛིན། ཕྱི་ལོ་ ༡༩༩༣ ནས་ ༢༠༠༢ བར་རྒྱ་ནག་དབུས་ཆབ་སྲིད་དྲིལ་བསྒྲགས་ལྷན་ཁང་གི་ཚོགས་གཞོན་བཅས་སུ་བསྐོ་བཞག་བྱས་ཡོད་འདུག

ཝང་ཧུ་ནིན་ཟེར་བ་དེ་ཧྲང་ཧེ་གྲོང་ཁྱེར་གྱི་མི་ཡིན་པ་དང་། ཕྱི་ལོ་ ༡༩༧༤ ལོར་རྒྱ་ནག་དགེ་འོས་སློབ་ཆེན་དུ་ཞུགས་ནས་ཧྥ་རན་སིའི་སྐད་ཡིག་སྦྱངས་པ་དང་། ཕྱི་ལོ་ ༡༩༧༧ ལོར་ཧྥི་ཏན་ (Fudan) གཙུག་ལག་སློབ་ཆེན་གྱི་རྒྱལ་སྤྱིའི་ཆབ་སྲིད་སྡེ་ཁག་ནང་ཞུགས་ཏེ་ཧྲང་ཧེ་གྲོང་ཁྱེར་སྤྱི་ཚོགས་ཚན་རིག་སྐོར་ལ་ཞིབ་འཇུག་བྱས། སློབ་མཐར་ཕྱིན་རྗེས་སློབ་ཆེན་དེའི་ཁྲིམས་ལུགས་དགེ་རྒན་བྱས། ཕྱི་ལོ་ ༡༩༩༥ ལོར་སྐབས་དེའི་སྲིད་འཛིན་ཅང་ཙི་མེན་གྱི་བློས་ཐུབ་དཔོན་རིགས་ཀྲུང་ཆིན་ཧོང་ (Zeng Qinghong) དང་ཝུ་པན་ཀོ་ (Wu Bangguo) གཉིས་ཀྱི་ཆབ་སྲིད་ལས་རོགས་བྱས་པ་བརྒྱུད། ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་དབུས་སྲིད་བྱུས་ཉམས་ཞིབ་ཁང་གི་ཚོགས་གཞོན་དང་། ཅང་ཙི་མེན་གྱི་མཚོན་བྱེད་གསུམ་གྱི་བསམ་བློའི་སློབ་སྟོན་པ་བྱས། ཕྱི་ལོ ༢༠༠༧ ལོར་རྒྱ་ནག་དབུས་གཞུང་སྒྲུབ་ཁང་གི་དྲུང་ཆེར་བསྐོས་ཏེ། སྐབས་དེའི་སྲིད་འཛིན་ཧུའུ་ཅིན་ཐོ་ཡི་ཚན་རིག་འཕེལ་རྒྱས་ཀྱི་ལྟ་བའི་སློབ་སྟོན་པ་དང་། ༢༠༡༢ ལོར་དབུས་རྒྱུན་ལས་ལྷན་ཚོགས་ཀྱི་འདེབས་བསྐོ་བརྒྱུད་དེ་དབུས་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དུ་བསྐོས་པར་མ་ཟད། སྐབས་དེ་ནས་བཟུང་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་དཔོན་རིགས་ཚོའི་གྲས་ནས་ཞི་ཅིན་ཕིན་གྱི་བློས་ཐུབ་སློབ་སྟོན་པར་གྱུར་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༢༡

Leave a Reply

2 thoughts on “དམར་ཤོག་ཚོཊ་པའི་བསམ་བློའི་སློབ་སྟོན་པ་ཝང་ཧུ་ནིན།

  1. ༄༅། གཉའ་གནོན་བཙན་དབང་པ་ ལས་དཔོན་སུ་བསྐོས་སུ་ཆགས་ཀྱང་ཧང་སང་ཧོན་འཐོར་གང་ཡང་
    མི་འདུག་/ སྐྱག་རྫུན་བདེན་མེད་རིང་ལུགས་དང་་་ཆོས་དུག་ཏུ་བརྩི་མཁན་གཅིག་པ་རེད་བསམ།
    མིས་མི་ལ་བཙན་དབང་གཉའ་གནོན་གཏོང་མཁན་ལ་ནམ་ཡང་སེམས་ཡོད་ཅན་གྱི་དགའ་མོས་གུས་བཀུར་ཞུ་མཁན་
    ཤིན་ཏུ་དཀའ་ཤིང་ནམ་ཡང་ཡོང་ཐབས་མེད་པ་རེད་ཨང།

  2. གཞུང་པ་ཚེ་དབང་བསོད་ནམས་ཡ

    དམར་ཤོག་ཚོགས་པའི་བསམ་བློའི་སློབ་སྟོན་པ་ཟེར་ན་གྲལ་རིམ་དམངས་གཙོ་གཅིག་བསྡུད་ཀྱི་ལྟ་བ་བརྟན་སྲུང་ལ་འགན་སྲུང་བྱས་ཏེ་རྒྱ་ནག་འདི་འཛམ་གླིང་ནང་གུང་ཁྲན་གྲལ་རིམ་དམངས་གཙོ་གཅིག་བསྡུད་ཀྱི་ལམ་ལུགས་རྒྱུན་འཛིན་བྱས་ནས་སྤྱི་ཚོགས་འཚོ་བའི་མདུན་ལམ་དེ་ཁྲོམས་རའི་དཔལ་འབྱོར་རྒྱུད་མི་མང་གི་སྲིད་གཞུང་ལ་ཡིད་ཆེས་དང་བློ་གཏད་ཐུབ་པའི་གུང་ཁྲན་རིང་ལུགས་ཀྱི་བསམ་བློ་ལ་གདེངས་འཇོག་ཐུབ་པའི་ནུས་པ་འདོན་བཞིན་པ་འདིའི་བོད་དང་ཤིང་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་བསམ་བློ་ལ་འགྱུར་ལྡོགས་ཆེན་པོ་བཟོ་སྲིད་པ་མ་རེད་དམ་།