དེ་ཡང་གསལ་བསྒྲགས་ནང་དུ། ཨ་རིའི་ཁུལ་དུ་ཆིབས་བསྒྱུར་གྲུབ་རྗེས་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་འཇར་མན་དུ་སྐུ་ཁམས་འཕྲོད་བཞེས་བརྟག་དཔྱད་གནང་བར་ཕེབས་ཡོད་ཀྱང་། རིན་པོ་ཆེ་མཆོག་གི་ཞབས་ཕྱི་དགུང་ལོ་ ༨༠ ཡིན་པ་སྒྲུབ་རྣམ་ལགས་ལ་ཨ་རིའི་ནང་གློ་བུར་དུ་སྙུང་གཞི་དྲག་པོ་བཞེས་པར་བརྟེན། ༧རྒྱལ་དབང་ཀརྨ་པ་མཆོག་འཇར་མན་ནས་ཕྱིར་ཨ་རིར་ཕེབས་དགོས་བྱུང་སྟེ། ཨ་རིའི་ནང་སྐུ་གཟུགས་ལ་རྟག་དཔྱད་ཞིབ་ཕྲ་ཞུས་རྗེས། སྨན་པས་གསར་དུ་ཐོན་པའི་འཕྲོད་བསྟེན་གྱི་གནད་དོན་རིགས་སྨན་བཅོས་དང་སྐུལ་ངལ་གསོ་དགོས་པའི་སློབ་སྟོན་ཞུས་པར་བརྟེན། ཨ་རིའི་ནང་བཞུགས་རྒྱུ་ཕར་འགྱང་མཛད་རྒྱུའི་ཐུགས་ཐག་བཅད་ཡོད་སྐོར་གསུངས་འདུག
ཡང་གསལ་བསྒྲགས་ནང་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་༧རྒྱལ་དབང་༧ཀརྨ་པ་མཆོག་ཨ་རིར་བཞུགས་རྒྱུ་ཕར་འགྱང་མཛད་པའི་རྒྱུ་མཚན་ལ་དཀྲོག་གཏམ་དང་འཆལ་གཏམ་ཁག་ཅིག་འགྲེམས་སྤེལ་བྱས་པ་དེ་དག་ནི་བདེན་པ་མིན་སྟབས། དེའི་རིགས་ལ་དབུ་འཁོར་གྱི་གཙོས་དད་ལྡན་མི་མང་གིས་དོ་སྣང་མི་གནང་བའི་རེ་སྐུལ་ཡང་གནང་འདུག
༧རྒྱལ་དབང་༧ཀརྨ་པ་མཆོག་གིས་འདི་ལོའི་ཕྱི་ཟླ་ ༥ ནས་དབུ་འཛུགས་ཀྱིས་དབྱིན་ཡུལ་དང་། ཁེ་ན་ཌ། ཨ་རི། འཇར་མན་བཅས་ཀྱི་ནང་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ཡོད་པ་དང་། སྨན་བཅོས་དང་སྐུ་ངལ་གསོ་རྗེས་གང་མགྱོགས་རྒྱ་གར་དུ་ཕྱིར་ཕེབས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་མུ་མཐུད་བསྐྱང་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འདུག
གསར་འགོད་པ། ཉི་མ་ཚེ་རིང་།