རྒྱ་ནག་དམར་ཤོག་དབུས་རྒྱུན་གྱི་གནད་ཡོད་དཔོན་རིགས་བདུན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔོན་རིགས་ཝང་ཡཱང་རྒྱ་ནག་གི་སྲིད་བློན་གཞོན་པ་དང་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཧན་ཀྲིང་རྒྱ་ནག་མི་དམངས་སྲིད་གྲོས་ཀྱི་མགོ་འཁྲིད་དུ་བསྐོ་འཆར་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་འདོན་སྲིད་བློན་གཞོན་པ་བཞིའི་གྲས་ཀྱི་ཝང་ཡཱང་ (Wang Yang) ཟེར་བ་དེ། ལས་ཐོག་སྲིད་བློན་གཞོན་པ་ཀྲུང་གོ་ལི་ (Zhang Gaoli) ཡི་ཚབ་ཏུ་བསྐོ་བཞག་བྱ་རྒྱུ་དང་། ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཧན་ཀྲིང་ (Han Zheng) ཟེར་བ་དེ། རྒྱ་ནག་མི་དམངས་སྲིད་གྲོས་ཀྱི་མགོ་འཁྲིད་ཡུའུ་ཀྲིན་ཧྲིན་ (Yu Zhengsheng) གྱི་ཚབ་ཏུ་བསྐོ་བཞག་བྱ་འཆར་ཡོད་འདུག

རྒྱ་ནག་དམར་ཤོག་ཚོགས་ཆེན་བརྒྱུད་གསར་དུ་བསྐོ་བཞག་བྱ་འཆར་ཡོད་པའི་དབུས་ཆབ་སྲིད་རྒྱུན་ལས་ལྷན་ཁང་གི་གནད་ཡོད་དཔོན་རིགས་བདུན་ནི། སྲིད་འཛིན་ཞི་ཅིན་ཕིན་ (Xi Jinping) དང་སྲིད་བློན་ལེ་ཁི་ཆཱང་ (Li Keqiang) གཉིས་གཙོས་པའི་རྒྱ་ནག་དམར་ཤོག་དབུས་རྒྱུན་རྩ་འཛུགས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲོ་ལི་ཅི་ (Zhao Leji) དང་། དབུས་ཆབ་སྲིད་ལས་སྒྲུབ་ཁང་གི་མགོ་འཁྲིད་ལི་ཀྲན་ཧྲུའུ་ (Li Zhanshu)། དབུས་སྲིད་ཇུས་ཉམས་ཞིབ་ཁང་གི་ཚོགས་གཙོ་དང་དམར་ཤོག་ཚོགས་པའི་ཁྱོན་ཡོངས་ནས་གཏིང་ཟབ་བཅོས་སྒྱུར་སློབ་སྟོན་ཚོགས་ཆུང་གི་དྲུང་ཆེ་ཝང་ཧུ་ནིན་ (Wang Huning)། དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་འདོན་སྲིད་བློན་གཞོན་པ་བཞིའི་གྲས་ཀྱི་ཝང་ཡཱང་ (Wang Yang) དང་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཧན་ཀྲིང་ (Han Zheng) བཅས་ཆགས་ཀྱི་ཡིན་འདུག

ཝང་ཡཱང་ནི་སུའུ་ཀྲུག་གྲོང་ཁྱེར་གྱི་མི་ཡིན་པ་དང་། ཕྱི་ལོ་ ༡༩༧༥ ལོར་རྒྱ་ནག་དམར་ཤོག་ཚོགས་ཁུངས་སུ་ཞུགས། ༡༩༧༩ ལོ་ནས་རྒྱ་ནག་གི་ཆབ་སྲིད་དཔལ་འབྱོར་དང་ཏུན་ཞོ་ཕིན་གྱི་དཔལ་འབྱོར་བཅོས་སྒྱུར་སྐོར་ལ་སློབ་གཉེར་བྱས་ཤིང་། ཕྱི་ལོ་ ༢༠༠༥ ནས་ ༢༠༠༧ བར་རྒྱ་ནག་ཁྲིན་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་དང་། ཀུང་ཏུང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེར་བསྐོ་བཞག་བྱས། ༢༠༡༣ ལོའི་རྒྱལ་ཡོངས་དམངས་ཆེན་ཚོགས་འདུའི་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་འདོན་སྲིད་བློན་གཞོན་པ་བཞིའི་གྲས་སུ་བདམས་པ་དང་། ཁོའི་ལས་དོན་གཙོ་བོ་ནི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལེ་ཁི་ཆཱང་གཉིས་ཀྱི་རྒྱལ་དོན་སྐོར་སྐྱོད་ལས་དོན་གྲ་སྒྲིག་དང་། ཞི་ཅིན་ཕིན་གྱི་བསམ་བློའི་ལས་དོན་ལག་བསྟར་བྱ་རྒྱུ་བཅས་ཡིན་འདུག

དེ་བཞིན་ཧན་ཀྲིང་ནི་ཧྲང་ཧེ་གྲོང་ཁྱེར་གྱི་མི་ཡིན་ཞིང་། རིག་གནས་གསར་བརྗེ་ཆེན་མོའི་སྐབས་ངལ་རྩོལ་བསྒྱུར་བཀོད་ལས་འགུལ་ནང་ཞུགས་པ་དང་། ༡༩༧༩ ལོར་རྒྱ་ནག་དམར་ཤོག་ཚོགས་ཁོངས་སུ་ཞུགས། ཁོས་རྒྱ་ནག་ཤར་རྒྱུད་དགེ་འོས་སློབ་ཆེན་ནང་དཔལ་འབྱོར་རིག་པའི་སྐོར་ལ་སློབ་གཉེར་བྱས་པ་དང་། ཕྱི་ལོ་ ༡༩༩༥ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་གཞོན་པ་དང་། ༡༩༩༧ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་དབུས་ཆབ་སྲིད་ལྷན་ཚོགས་ཀྱི་ཚོགས་མི། ༡༩༩༨ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཁབ་གཞོན་པ། ༢༠༠༢ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་གཞོན་པ། ༢༠༠༦ ལོར་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་བཅས་སུ་བསྐོ་བཞག་བྱས་ཡོད་པ་དང་། རྒྱ་ནག་གི་སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐོ་ཡི་སྲིད་དབང་སྐབས། ཁོས་ཧྲང་ཧེ་གྲོང་ཁྱེར་གཞུང་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་དང་དྲག་གནོན་བྱས་པ་བརྒྱུད་ཧུའུ་ཅིན་ཐོ་ཡི་བློས་ཐུབ་དཔོན་རིགས་སུ་གྱུར་བར་མ་ཟད། ཞི་ཅིན་ཕིན་དང་ཡུའུ་ཀྲིན་ཧྲིན་བཅས་ཀྱི་དབུ་ཁྲིད་འོག ཁོས་རང་ཉིད་རྒྱ་ནག་དམར་ཤོག་གཞུང་ལ་བློ་སེམས་དཀར་བ་མངོན་འགྱུར་བྱས་པ་བརྒྱུད། ༢༠༡༢ ལོའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ ༡༨ པའི་ཐོག རྒྱ་ནག་དམར་ཤོག་དབུས་ཆབ་སྲིད་རྒྱུན་ལས་ལྷན་ཁང་གི་ཚོགས་མིའི་གྲས་སུ་བསྐོ་བཞག་བྱས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༢༣

Leave a Reply

5 thoughts on “རྒྱ་ནག་དམར་ཤོག་དབུས་རྒྱུན་གྱི་གནད་ཡོད་དཔོན་རིགས་བདུན།

  1. རྒྱུད་གྲྭ་བློ་བཟང་དབང་འངུས།

    གལ་ཏེ་ བོད་དེ་ རྒྱ་ཡི་ཆ་ཤས་ཡིན་ན་ ད་བར་ལོ་ངོ་ ༦༠ ནང་ རྒྱ་ནག་གི་འགོ་ཁྲིད་ནང་ བོད་པ་གཅིག་དང་ལོས་ཡོང་དགོས། མི་རིགས་འདྲ་མཉམ། སྙེམ་ཆུང་ཕ་མ། ཚིག་དེ་ རླུང་དམར་གྱི་གར་སོང་ཆ་མེད་དུ་སོང་། དོན་དམ་པའི་གུང་ཕྲན། ཇག་པའི་རིང་ལུགས་གཞུང་། བརྩི་མཐོང་བརླགས་པའི་འགོ་ཁྲིད། རིན་ཐང་མེད་པའི་དཔོན་པོ། ཁ་སང་ ཅོ་ ཞི་ཅིན་ནས་་་ བཀའ་སློབ་་་་ རྒྱ་ནག་མི་མང་ནས་ སྲིད་གཞུང་ལ་ ཡིད་ཆེས་དང་བློ་གཏད་དགོས་ཟེར་ བཀའ་ཁྱབ་བཏང། བཀའ་ཁྱབ་བཏང་དུས་ རྒྱ་དམར་འགོ་ཁྲིད་ཚོ་སྤུས་ཀ་གང་འདྲ་ཞིག་ལ་སླེབ་ཡོད་དམ། རྒྱ་ནག་མིན་པའི་རྒྱལ་ཁབ་གཞན་མས་ མི་དམངས་ལ་ སྲིད་གཞུང་ལ་ ཡིད་ཆེས་དང་རྩི་བསྐུར་ཞུ་དགོས་ བཀའ་ཁྱབ་བཏང་མྱོང་ཡོད་དམ།