དམར་ཤོག་ཚོཊ་ཆེན་ལ་རང་དབང་ཚོགས་སྡེ་དྲུག་གི་བསམ་ཚུལ། 

གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གནས་སྟངས་ལ་བལྟས་ན་མ་འོངས་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བའི་རེ་བ་མཐོང་གི་མེད་སྐོར་བརྗོད་བྱུང་།

 རྒྱ་ནག་དམར་ཚོགས་ཆེན་ཐེངས་ ༡༩ པའི་བརྒྱུད་རིམ་ཁྲོད་ཁྱེད་ཀྱིས་རྒྱ་ནག་གི་སྲིད་བྱུས་ཁ་ཕྱོགས་ག་འདྲ་ཞིག་ཏུ་འགྲོ་ཡི་ཡོད་པར་མཐོང་གི་འདུག

དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས། ང་ཚོའི་ངོས་ནས་རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༡༩ པ་དེ་ཚོགས་པའི་བརྒྱུད་རིམ་ཁྲོད་མཐོང་སྣང་ཆེ་ཤོས་ཤིག་ནི་དམར་ཤོག་ཚོགས་པའི་སྲིད་དབང་མུ་མཐུད་སྲ་བརྟན་གཏོང་ཐབས་དང་རྒྱ་སྐྱེད་ཐབས་ཀྱི་ཁ་ཕྱོགས་ཤིག་ཏུ་འགྲོ་བཞིན་འདུག་བསམ། གནད་དོན་དེ་རྒྱ་ནག་དམར་ཤོག་ཚོགས་པར་མཚོན་ན་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་སྲིད་ནའང་། རྒྱ་ནག་མི་མང་དང་གྲངས་ཉུང་མི་རིགས་ཁག་ལ་མཚོན་ན་ངན་ཕྱོགས་ཀྱི་འགྱུར་བ་ཞིག་ཆགས་ཀྱི་ཡོད་པ་རེད།

ཕྱི་སྡོད་རྩོམ་པ་པོ་དང་ཆབ་སྲིད་པ་ཚོའི་ཁྲོད་དུ་རྒྱ་ནག་དམར་ཤོག་ཚོགས་ཆེན་དང་འབྲེལ་བའི་དཔྱད་རྩོམ་འབྲི་མཁན་དང་དོ་སྣང་བྱེད་མཁན་དེ་ཙམ་མེད་པའི་སྣང་ཚུལ་འདུག དེའི་རྒྱུ་རྐྱེན་ག་རེ་རེད་བསམ་ཀྱི་ཡོད།

བཀྲ་ཤིས་ལམ་བཟང་ལགས། རྩ་བའི་བར་ལམ་ཞིག་ནས་ང་ཚོ་བཙན་བྱོལ་གྱི་སྲིད་བྱུས་ལངས་ཕྱོགས་ཀྱི་སྟེང་ནས་ལས་འགུལ་སྤེལ་བ་ཡིན་ན་ཕན་ཐོགས་ཡོད་པར་ངོས་འཛིན་གནང་མཁན་ཉུང་ཉུང་ཆགས་ཏེ། མི་མང་ལ་བྱེད་རྒྱུ་མེད་པར་སྡོད་པའི་གནས་སྟངས་ཤིག་ཆགས་ཡོད་དུས། དེའི་སྒང་ལ་དོ་སྣང་བྱས་ཀྱང་རང་བཞིན་གྱིས་ནུས་ཤུགས་མེད་པ་ཞིག་ཏུ་མཐོང་ནས་དོ་སྣང་མ་བྱས་པ་ཞིག་མཐོང་གི་འདུག སྔོན་མ་ཡིན་ན་རྩོམ་འབྲི་མཁན་ཚོས་རྩོམ་བྲིས། སྣེ་འཁྲིད་མཁན་ཚོས་སྣེ་འཁྲིད་དེ་ཚང་མ་མཉམ་རུབ་ཀྱིས་བོད་དོན་ལས་འགུལ་སྤེལ་གྱི་ཡོད་པ་རེད། ལོ་ཤས་གོང་ནས་ཅིག་ཅིག་བྱེད་རྒྱུ་ཡོད་མ་རེད་རྒྱ་ནག་གཞུང་ལ་ཕོག་ཐུག་འགྲོ་ཡི་རེད་དང་། མིག་མིག་བྱེད་རྒྱུ་ཡོད་པ་མ་རེད་རྒྱ་ནག་མི་མང་ལ་ཕོག་ཐུག་འགྲོ་ཡི་རེད་ཅེས་བཤད་བསྡད་ཡོད་སྟབས། རྩོམ་པ་པོས་རྩོམ་འབྲི་མི་ཐུབ་པ་དང་ཆབ་སྲིད་པས་ལས་འགུལ་སྤེལ་མི་ཤེས་པའི་གནས་སྟངས་ཞིག་ཆགས་བསྡད་ཡོད་པ་རེད་བསམ་གྱི་འདུག

 རྒྱ་ནག་དམར་ཚོགས་ཆེན་ཐེངས་ ༡༩ བའི་བརྒྱུད་རིམ་ཁྲོད་ཁྱེད་ཀྱིས་རྒྱ་ནག་གི་སྲིད་ཇུས་ཁ་ཕྱོགས་ག་འདྲ་ཞིག་ཏུ་འགྲོ་ཡི་ཡོད་པ་མཐོང་གི་འདུག

དབུ་མིའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས། ཞི་ཅིན་ཕིན་སླེབས་པ་ནས་ཁོ་རང་གི་ལས་ཀ་བྱེད་སྟངས་དང་། ལྷག་པར་དུ་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་དཔོན་རིགས་མང་པོ་འཕོ་འགྱུར་བཏང་བ་སོགས་ལ་ལྟ་ཡོང་དུས། རྒྱ་ནག་ནང་རིམ་པས་འགྱུར་བ་འགྲོ་སྲིད་པ་ཞིག་དང་རེ་བ་ཡོད་པ་ཞིག་ཏན་ཏན་ཆགས་འདུག་བསམ་གྱི་ཡོད།

 རྒྱ་ནག་ནང་ཚོགས་ཆེན་ཐེངས་ ༡༩ བའི་སྐོར་ལ་གླེང་སློང་གཙོ་བོ་ག་རེ་བྱུང་བ་དང་། རྒྱལ་སྤྱིའི་སྟེང་དོ་སྣང་ཤུགས་ཆེ་ཤོས་ག་རེ་སླེབས་ཡོད་པ་རེད།

སྤྱི་འཐུས་ཟླ་བ་ཚེ་རིང་ལགས། མང་པོ་ཞིག་ཤེས་ཀྱི་མི་འདུག་སྟེ། ཕྱོགས་ཡོངས་ནས་སྡོམ་ཞིག་བརྒྱབ་པ་ཡིན་ན་ཞི་ཅིན་ཕིན་གྱི་སྲིད་དབང་བཟུང་བའི་དུས་ཡུན་རིང་དང་ད་ལྟའི་ཚོགས་ཆེན་སྐབས་གང་ཡིན་ཡང་། ནམ་རྒྱུན་ཡིན་ན་འཛམ་གླིང་གི་དབུ་འཁྲིད་མཁན་ཨ་རི་ཡིན་པ་རེད་ཅེས་བཤད་ཀྱི་ཡོད་ཀྱང་། ད་ཆར་རྒྱ་ནག་གིས་གོ་གནས་དེ་འཛིན་ཐབས་བྱེད་ཀྱི་ཡོད་པ་གསལ་བོ་རེད། ཚོགས་ཆེན་སྐབས་རྒྱ་ནག་ནང་དང་རྒྱལ་སྤྱིའི་སྒང་ནས་གནད་དོན་དེའི་ཐོག་གླེང་སློང་ཤུགས་ཆེར་སླེབས་ཡོད་པ་རེད།

 ཞི་ཅིན་ཕིན་གྱི་སྲིད་དབང་སྐབས་གཉིས་པར། གྲངས་ཉུང་མི་རིགས་ཁག་གི་དངོས་ཡོད་གནས་སྟངས་ལ་འགྱུར་བ་འགྲོ་སྲིད་པ་ཞིག་མཐོང་གི་འདུག་གམ།

དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲ་ཤིས་ལགས། ངས་བསམ་ན་ཞི་ཅིན་ཕིན་གྱི་ལས་ཡུན་གཉིས་པའི་རིང་རྒྱ་ནག་ནང་གུ་ཡངས་སྲིད་ཇུས་ཀྱི་འགྱུར་བ་འགྲོ་ཡི་རེད་བསམ་གྱི་མི་འདུག ཡིན་ནའང་བོད་ཚུད་པའི་གྲངས་ཉུང་མི་རིགས་ཁག་གི་གནས་སྟངས་དེ་རྒྱ་ནག་གི་ཆབ་སྲིད་སྒྲོམ་གཞིའི་ནང་ཐག་གཅོད་བྱས་པ་ཡིན་ན། དེ་བྱ་མི་ཐུབ་པ་ཞིག་མ་རེད་བསམ་གྱི་འདུག

ཕྱི་སྡོད་རྩོམ་པ་པོ་དང་ཆབ་སྲིད་པ་ཚོའི་ཁྲོད་དུ་རྒྱ་ནག་དམར་ཤོག་ཚོགས་ཆེན་དང་འབྲེལ་བའི་དཔྱད་རྩོམ་འབྲི་མཁན་དང་དོ་སྣང་བྱེད་མཁན་དེ་ཙམ་མེད་པའི་སྣང་ཚུལ་འདུག དེའི་རྒྱུ་རྐྱེན་ག་རེ་རེད་བསམ་ཀྱི་ཡོད།

ཟླ་བ་བཀྲ་ཤིས་ལགས། རྒྱ་ནག་ལ་མཚོན་ན་ད་ཆར་འཛམ་གླིང་སྟེང་སྟོབས་ཤུགས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་དུས། བོད་ལྟ་བུའི་གྲངས་ཉུང་མི་རིགས་ཁག་གིས་རྒྱ་ནག་གཞུང་གི་སྲིད་ཇུས་དང་ཁྲིམས་སྒྲིག་འོག་སོ་སོའི་ཁེ་ཕན་བརྩོན་ལེན་བྱ་རྒྱུ་མ་གཏོགས་འདམ་ག་གཞན་ཡོད་པ་མ་རེད་བསམ་གྱི་འདུག སྤྱིར་བཙན་བྱོལ་ནང་ང་ཚོས་རྣམ་པ་འདྲ་མིན་གྱི་ལས་འགུལ་སྤེལ་གྱི་ཡོད་པར་མ་ཟད། རྒྱལ་ཚོགས་དང་རང་དབང་ཚོགས་སྡེ་ཁག་ལ་ཞུ་གཏུགས་དང་སྙན་ཞུ་འབུལ་བཞིན་ཡོད་པ་རེད། དེས་བོད་ནང་གི་དངོས་ཡོད་གནས་སྟངས་ལ་འགྱུར་འགྲོ་བར་ཕན་གྱི་རེད་དམ་ཞེ་ན། འདས་པའི་ལོ་ངོ་ལྔ་བཅུ་རིང་གི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ཡིན་ན། དེ་ཙམ་གྱིས་ཕན་ཐོགས་ཡོང་གི་ཡོད་པ་མ་རེད། དེ་ཡིན་དུས་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་ནང་ཁེ་ཕན་བརྩོན་ལེན་བྱ་ཐབས་དང་། དེའི་སྐོར་ལ་ཉམས་ཞིབ། རྩོམ་འབྲི། དོ་སྣང་བྱ་རྒྱུ་བཅས་ནི་ང་ཚོའི་གཡོལ་དུ་མེད་པའི་འགན་འཁྲི་རེད་བསམ་གྱི་འདུག

 རྒྱ་ནག་དམར་ཤོག་ཚོགས་ཆེན་ཐེངས་ ༡༩ བའི་བརྒྱུད་ཁྲོད་ཁྱེད་ཀྱིས་རྒྱ་ནག་གི་སྲིད་ཇུས་ཁ་ཕྱོགས་ག་འདྲ་ཞིག་ཏུ་འགྲོ་ཡི་ཡོད་པར་མཐོང་གི་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤ་ཡ་ཚན་པའི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས། ཞི་ཅིན་ཕིན་གྱི་འདས་པའི་ལོ་ལྔ་རིང་གི་སྲིད་ཇུས་ལ་བལྟས་ན། མི་མང་གིས་རེ་བ་ཆེན་པོ་བྱས་ཡོད་ཀྱང་། རྒྱ་ནག་ནང་ལོགས་སུ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་སྲིད་ཇུས་ཀྱི་གདུག་རྩུབ་དང་འཇིགས་སྐུལ་ཆེ་རུ་འགྲོ་བ་ཞིག་དང་། རྒྱལ་སྤྱིའི་གནས་སྟངས་ལ་གཞིག་སྟེ་བལྟས་ན། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ནི་མའོ་ཙེ་ཏུང་གཉིས་པ་ལྟ་བུ་ཆགས་ཀྱི་རེད་བསམ་གྱི་འདུག

 རྒྱ་ནག་ནང་ཚོགས་ཆེན་ཐེངས་ ༡༩ བའི་སྐོར་ལ་གླེང་སློང་གཙོ་བོ་ག་རེ་བྱུང་བ་དང་། རྒྱལ་སྤྱིའི་སྟེང་དོ་སྣང་ཤུགས་ཆེ་ཤོས་ག་རེ་སླེབས་ཡོད་པ་རེད།

བསྟན་འཛིན་ཚེ་ལྷ་ལགས། ང་རང་གིས་བལྟས་ན་རྒྱ་ནག་ནང་ཁུལ་ཡིན་ནའང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཟེར་བ་དེའི་དམིགས་ཡུལ་གཙོ་བོ་གྲངས་ཉུང་མི་རིགས་ཁག་གཙོས་པའི་རྒྱལ་ཁབ་ཆུང་གྲས་ཚང་མ་རྒྱ་ནག་གི་དབང་འོག་ཏུ་བསྡུ་རྒྱུ་དེ་ཡིན་པས། རྒྱལ་ཁབ་ཕྱི་ནང་གང་ཡིན་ཡང་དེ་ལ་རེ་བ་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པ་མ་རེད་བསམ་གྱི་འདུག་ལ། རྒྱལ་སྤྱིའི་གནས་སྟངས་ལ་གཞིག་སྟེ་བལྟས་ན། ཚོགས་ཆེན་ཐེངས་བཅུ་དགུ་བ་དེ་ཧ་ཅང་གསང་རྒྱ་དང་དམ་དྲག་ཆེན་པོ་ཞིག་གི་འགོ་ཏུ་འཚོགས་ཀྱི་ཡོད་པ་དང་། ལྷག་པར་དུ་ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་ཞི་ཅིན་ཕིན་ཁོ་རང་གི་ཁ་གཏད་དཔོན་རིགས་ཚོ་མེད་པར་བཟོ་ཐབས་བྱེད་ཀྱི་ཡོད་པ་དེས་རྒྱ་ནག་ལ་འགྱུར་བ་ཐེབས་སྲིད་པ་ཞིག་ཏུ་མཐོང་གི་མི་འདུག

 ཞི་ཅིན་ཕིན་གྱི་སྲིད་དབང་སྐབས་གསུམ་པར། གྲངས་ཉུང་མི་རིགས་ཀྱི་དངོས་ཡོད་གནས་སྟངས་ལ་འགྱུར་བ་འགྲོ་སྲིད་པ་ཞིག་ཏུ་མཐོང་གི་འདུག་གམ།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས། འདས་པའི་ལོ་ལྔ་རིང་གི་ཞི་ཅིན་ཕིན་གྱི་ཕྱག་ལས་གནང་སྟངས་ལ་བལྟས་ན། རྒྱ་ནག་གི་དབང་སྒྱུར་འོག་གི་བོད་གཙོས་པའི་གྲངས་མི་རིགས་ཁག་དང་རྒྱལ་ཁབ་ཆུང་གྲས་མང་པོའི་དངོས་ཡོད་གནས་སྟངས་ལ་འགྱུར་བ་ཕྱིན་ཡོད་པ་མ་རེད། མ་འོངས་ལོ་ལྔ་ནང་ཞི་ཅིན་ཕིན་གྱི་དབང་ཆ་ཤུགས་ཆེ་རུ་འགྲོ་བ་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་སྟོབས་ཤུགས་བསྐྱེད་རྒྱུ་མ་གཏོགས། རྒྱ་ནག་འོག་གི་གྲངས་ཉུང་མི་རིགས་དང་རྒྱལ་ཁབ་ཆུང་གྲས་ཁག་གི་གནས་སྟངས་ལ་འགྱུར་བ་འགྲོ་རྒྱུ་ཁག་པོ་རེད་བསམ་གྱི་འདུག

 ཕྱི་སྡོད་རྩོམ་པ་པོ་དང་ཆབ་སྲིད་པ་ཚོའི་ཁྲོད་དུ་རྒྱ་ནག་དམར་ཤོག་ཚོགས་ཆེན་དང་འབྲེལ་བའི་དཔྱད་རྩོམ་འབྲི་མཁན་དང་དོ་སྣང་བྱེད་མཁན་དེ་ཙམ་མེད་པའི་སྣང་ཚུལ་འདུག དེའི་རྒྱུ་རྐྱེན་གཙོ་བོ་ག་རེ་རེད་བསམ་གྱི་ཡོད།

སྒྲོལ་མ་དབྱངས་ཅན་ལགས། ད་ལྟའི་བར་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་གི་རྩོམ་པ་པོ་དང་གཞས་པ་སོགས་བོད་མི་མང་པོ་ཞིག་ལ་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་པ་རེད། བོད་མི་དེ་ཚོ་ཀློད་གྲོལ་ཡོང་ཐབས་སུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཐབས་ཤེས་འཐེན་ཡང་ཁག་པོ་ཞེ་དྲགས་ཆགས་ཡོད་པ་རེད། བཙན་བྱོལ་ནང་གི་རྩོམ་པ་པོ་དང་ཆབ་སྲིད་པ། མཁས་པ་མང་པོས་རྒྱ་ཆེ་ས་དང་གཏིང་ཟབ་ས་ནས་བསམ་བློ་བཏང་སྟེ། བོད་ནང་གི་ཆབ་སྲིད་བཙོན་པ་ཚོ་ཀློད་གྲོལ་ཡོང་ཐབས་སུ་ཤུགས་བསྐྱོན་པ་ཡིན་ན་ཕན་ཐོག་ཡོང་གི་རེད། སྤྱིར་བཏང་བཙན་བྱོལ་ནང་གི་རྩོམ་པ་པོ་དང་ཆབ་སྲིད་པ་ཚོས་དོ་སྣང་མ་སྤྲད་པ་དེ་འདྲ་ཡིན་རྒྱུ་མ་རེད་དེ། བོད་ཕྱི་ནང་གཉིས་བར་འབྲེལ་བ་གནང་རྒྱུ་ཁག་པོ་འདུག སྔོན་མ་ཡིན་ན་བོད་ནས་ཡོང་མཁན་མང་པོ་ཡོད་ཀྱང་། ད་སྐབས་བོད་ནས་ཡོང་མཁན་ཉུང་ཉུང་ཡིན་དུས། སོ་སོའི་སེམས་ནས་ལས་ཀ་ཞིག་བྱེད་བསམ་ཡང་། བོད་ནང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་པས་རེད་བསམ་གྱི་འདུག

རྒྱ་ནག་དམར་ཚོགས་ཆེན་ཐེངས་༡༩ བའི་བརྒྱུད་རིམ་ཁྲོད་ཁྱེད་ཀྱིས་རྒྱ་ནག་གི་སྲིད་ཇུས་ཁ་ཕྱོགས་ག་འདྲ་ཞིག་ཏུ་འགྲོ་ཡི་ཡོད་པ་མཐོང་གི་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་མཁོ་སྤྲོད་པ་ཁྲི་སྲོང་རྡོ་རྗེ་ལགས།  ང་རང་གི་ག་རེ་མཐོང་གི་འདུག་ཅེ་ན་དམར་ཤོག་ཚོགས་ཆེན་ཐེངས་ ༡༩ པ་མ་ཚོགས་སྔོན་ནས་རྒྱ་ནག་ནང་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག དེས་ག་རེ་མཚོན་གྱི་ཡོད་པ་རེད་ཅེ་ན་རྒྱ་ནག་དམར་ཤོག་གི་སྲིད་ཇུས་དེ་རྙོག་འཛིང་ཅན་ཞིག་ཡིན་པ་གསལ་བོ་རེད། ཐ་ན་ས་གནས་ཁག་ཏུའང་མང་ཚོགས་བསྐངས་ཏེ་ཚོགས་འདུ་འཚོགས་ཀྱི་འདུག ཕྱིའི་རྒྱལ་ཁབ་ཁག་དང་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཁག་གིས་རྒྱ་ནག་དམར་ཤོག་ཆེན་ཚོགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དེས་རྒྱ་ནག་གི་ཚོགས་ཆེན་དེ་དོགས་པ་དང་ཞེ་སྣང་ཞིག་གི་འོག་འཚོགས་ཀྱི་ཡོད་པ་མཚོན་འདུག

 ཞི་ཅིན་ཕིན་གྱི་སྲིད་དབང་སྐབས་གཉིས་པར། གྲངས་ཉུང་མི་རིགས་ཁག་གི་དངོས་ཡོད་གནས་སྟངས་ལ་འགྱུར་བ་འགྲོ་སྲིད་པ་ཞིག་མཐོང་གི་འདུག་གམ།

ཁྲི་སྲོང་རྡོ་རྗེ་ལགས། རྩ་བའི་ཞི་ཅིན་ཕིན་གྱི་སྲིད་དབང་སྐབས་དང་པོའི་རིང་རྒྱ་ནག་དམར་ཤོག་ནང་ཁུལ་གྱི་རྙོག་དྲ་མང་པོ་ཞིག་གཙང་སེལ་བྱས་ཡོད་པ་དང་། དེ་ནི་ལྐོག་ཟ་རུལ་སུངས་ལ་ཁ་གཡར་བའི་ཁོ་རང་ཚོ་ནང་ཁུལ་གྱི་ཐོབ་ཐང་རྩོད་ལེན་གྱི་རྙོག་དྲ་ཞིག་ཡིན་པ་རེད། ད་ལྟ་ཞི་ཅིན་ཕིན་རྒྱ་ནག་དམར་ཤོག་ཚོགས་པའི་སྲོག་ཤིང་ཡིན་ཞེས་བཤད་ཀྱི་ཡོད་པ་རེད། ཡིན་ནའང་ད་དུང་དམར་ཤོག་ཚོགས་པ་ནང་ཁུལ་གཙང་མ་ཆགས་ཡོད་པ་མ་རེད། དེ་ཡིན་དུས་ཞི་ཅིན་ཕིན་གྱི་སྲིད་དབང་སྔོན་མའི་སྐབས་གྲངས་ཉུང་མི་རིགས་ཁག་ལ་སྲིད་ཇུས་གཏན་འབེབ་ག་རེ་བྱས་པ་ཡོད་པ་དེ་མ་གཏོགས། དེ་ལས་ལྷག་པ་ཞིག་ཏུ་འགྱུར་བ་འགྲོ་སྲིད་ཀྱི་མ་རེད་བསམ་གྱི་འདུག ད་ལྟའི་སྲིད་ཇུས་དེ་རྒྱ་མི་རིགས་ཀྱི་ཁེ་ཕན་ཙམ་མ་གཏོགས། འདས་པའི་ལོ་ངོ་དྲུག་བཅུ་མ་ཟིན་ཙམ་རིང་རྒྱ་ནག་འོག་གི་གྲངས་ཉུང་མི་རིགས་ལྔ་བཅུ་ལྔ་དྲུག་གི་གནས་སྟངས་ལ་འགྱུར་བ་གང་ཡང་ཕྱིན་ཡོད་པ་མ་རེད། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁག་ཏུ་ཕྱིའི་འཛུགས་སྐྲུན་ཡར་རྒྱས་བཏང་བ་དང་དངུལ་སྤྲད་ནས་བསླུ་ཐབས་བྱས་ཏེ། གྲངས་ཉུང་མི་རིགས་ཁག་ཕག་བཞིན་གསོ་བ་དང་ཕག་བཞིན་བེད་སྤྱོད་གཏོང་གི་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༡༠/༢༤

Leave a Reply

7 thoughts on “དམར་ཤོག་ཚོཊ་ཆེན་ལ་རང་དབང་ཚོགས་སྡེ་དྲུག་གི་བསམ་ཚུལ། 

  1. ༄༅། ཡ་ད་།
    རྒྱ་ནག་དམར་ཤོག་ཚོགས་པའི་མ་འོངས་པའི་སྐོར་ག་རེ་ཡོང་གི་ཡོད་མེད་བརྗོད་སྐབས།
    ཚང་མས་ཡོངས་སྲིད་པ་དང། ཡོང་གི་རེད། སྲིད་ཀྱི་རེད་། ཡོང་མདོག་ཁ་བོ་རེད། ཡོང་མདོག་མི་འདུག་ བྱུང་ན་ཡག་པོ་སོགས་རྐྱང་རྐྱང་མ་གཏོགས་ཅི་ཡང་མི་འདུག་ལ་། ཡོང་ཡང་ཡི་ཡོང་བ་རེད།
    ༄༅། དམར་ནི་དམར་སོང་གནོན་ཡང་གནོན་སོང།
    བཙན་ནི་བཙན་སོང་དྲག་ནི་དྲ་སོང།
    གཉའ་གཉོན་བཙན་དབང་དྲག་ཤུགས།
    དམར་པོས་བོད་ལ་བཏང་སོང།
    བོད་ཀྱི་ལྷ་སྲུང་ཡུལ་ལྷ་།
    གང་དང་གང་དུ་བཞུགས་ཡོད།

  2. ད་ལྟའི་གུང་བྲན་དམར་ཤོག་ཚོགས་པའི་ཚོགས་ཆེན་གྱི་བརྒྱུད་ནས་ཞི་ཕིན་ལྟ་སྟངས་དང་། ཞི་ཅི་ཕིན་གྱི་ལྐོག་ཟ་རུལ་སུང་གི་རྡུང་རྡེག་ཚ་ནན་གྱི་སྲིད་བྱུས། གསར་དུ་བསྐོས་པའི་ཞི་ཕིན་རང་ཕྱོགས་གཙོ་གྲས་ཀྱི་དཔོན་རིགས་རྣམས་བསྐོ་ཚུལ། ཤིན་ཏུ་འཁྲུག་ཆ་དོད་པའི་རྒྱ་ནག་གི་ཕྱི་ནང་ཁྱོན་ཡོངས་ཀྱི་རྒྱབ་ཏུ་ལྐོག་ཡིབ་བྱེད་པའི་གསང་རྒྱ་དམ་པོའི་གནས་སྟངས་བཅས་ལ་ཡུན་རིན་ནས་རྒྱུས་ལོན་ཐིལ་ཕྱིན་པ་ཞིག་མ་བྱས་བར་དུ་ཐོལ་བྱུང་གི་ཡིད་སྤྱོད་ཙམ་གྱིས་སང་ཉིན་གྱི་རྒྱ་ནག་དེ་ཅི་འདྲ་ཞིག་ཏུ་འགྱུར་མིན་ད་ལྟ་ནས་ཚོད་དཔག་བྱ་རྒྱུ་ཧ་ཅང་དཀའ་ཁག་ཅིག་མིན་ནམ་སྙམ། སྤྱིར་སྟངས་ང་ཚོ་ཕྱི་ནང་གི་བོད་རིགས་ཤེས་ཡོན་པའི་ནང་དུ་ཆབ་སྲིད་ཚན་རིག་( Political science ) ཐོག་རྒྱུས་མངལ་རྩེར་སོན་དང་བྱང་ཆུབ་པའི་ཤེས་ཚད་དེ་ཙམ་མེད་སྟབས་ཆབ་སྲིད་ཀྱི་འགྱུར་འགྲོས་ལ་དཔག་སྟེ་མ་འོངས་གི་གནས་ཚུལ་ལ་ལྟ་ཚུལ་ཡང་དག་པ་དང་ཚད་མཐོ་པོའི་གདེང་ཚོད་བྱ་མི་ཐུབ་པར་ཁར་གཡེམ་གྱི་ཚོད་དཔག་ཙམ་གྱིས་ལུས་པ་ནི་གདོན་མི་ཟའོ།། །།