བོད་ནས་ཤིན་ཅང་བར་ཆུ་འདྲེན་སྦུག་ལམ་བཟོ་རྒྱུ་རེད།

བོད་ཀྱི་ཡར་ཀླུང་གཙང་པོའི་ཆུ་ལག་ནས་ཤིན་ཅང་རང་སྐྱོང་ཁུལ་ལྷོ་རྒྱུད་ཀྱི་ཊག་ལེ་མཱ་ཀན་ (Taklimakan) བྱེ་ཐང་དུ་རིང་ཚད་སྤྱི་ལེ་ ༡༠༠༠ ལྷག་ཡོད་པའི་ཆུ་འདྲེན་སྦུག་ལམ་བཟོ་འཆར་ཡོད་འདུག

དེ་རིང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཆུ་ཡུར་འཛུགས་སྐྲུན་ཚན་པ་ཞིག་གིས། བོད་དང་ཤིན་ཅང་བར་ཆུ་འདྲེན་སྦུག་ལམ་བཟོས་ཏེ་བོད་ཀྱི་ལྷོ་རྒྱུད་དུ་རྒྱུག་བཞིན་པའི་ཡར་ཀླུང་གཙང་པོའི་ཆུ་ལག་ཤིན་ཅང་རང་སྐྱོང་ཁུལ་གྱི་ལྷོ་རྒྱུད་ཊག་ལེ་མཱ་ཀན་ (Taklimakan) བྱེ་ཐང་དུ་དྲངས་ཏེ་ལྗང་སྒྱུར་འཛུགས་སྐྲུན་བྱ་འཆར་ཡོད་པ་དང་། ཆུ་འདྲེན་སྦུག་ལམ་དེའི་རིང་ཚད་ལ་སྤྱི་ལེ་ ༡༠༠༠ ལྷག་ཟིན་གྱི་ཡོད་པས། འཛམ་གླིང་ནང་གི་ཆུ་འདྲེན་སྦུག་ལམ་རིང་ཤོས་ཆགས་ཀྱི་ཡོད་པར་མ་ཟད། རྒྱ་ནག་གི་ཚན་རིག་པ་ཚོས། ཆུ་འདྲེན་སྦུག་ལམ་དེ་བརྒྱུད་ནས་མ་འོངས་པར་ཤིན་ཅང་ས་ཁུལ་གྱི་བྱེ་ཐང་མང་པོ་ཨ་རིའི་མངའ་སྡེ་ཁཱ་ལེ་ཧྥོར་ནེ་ཡ་ལྟ་བུར་འཛུགས་སྐྲུན་བྱ་ཐུབ་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

ས་གཤིས་ཞིབ་འཇུག་པ་ཝང་ཝེ་ (Wang Wei) ཟེར་བ་གིས། བོད་ནས་ཤིན་ཅང་ས་ཁུལ་དུ་ཆུ་འདྲེན་སྦུག་ལམ་བཟོ་ཐབས་སུ་ཚན་རིག་པ་ ༡༠༠ ལྷག་གིས་ཆེད་དུ་བོད་དང་ཤིན་ཅང་བར་གྱི་ས་གཤིས་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། བོད་ལྷོ་ཁའི་ཟངས་རི་རྫོང་ནས་ཡར་ཀླུང་གཙང་པོའི་ཆུ་ལག་འདྲེན་འཆར་ཡོད་པ་དེས། འདབས་འབྲེལ་རྒྱལ་ཁབ་རྒྱ་གར་དང་བྷང་ལ་དྷེ་ཤཱི་གཉིས་ལ་དོ་ཕོག་བཟོ་སྲིད་པར་མ་ཟད། ལས་གཞི་དེས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཉེན་ཚབས་བཟོ་ངེས་ཡིན་སྟབས། རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཚོས་ལས་གཞི་དེ་ལ་ངོ་རྒོལ་བྱ་སྲིད་སྐོར་བརྗོད་འདུག

རྒྱ་ནག་ཧུའུ་པེ་ཞིང་ཆེན་ཝུ་ཧན་རྫོང་ས་གཤིས་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ཁྲང་ཆིན་ (Zhang Chuanqing) ཟེར་བ་ཞིག་གིས། ཤིན་ཅང་གི་བྱེ་ཐང་ས་ཁུལ་དུ་ཆུ་མེད་པའི་དཀའ་ངལ་དེ། ད་ཆར་ཨ་རིའི་མངའ་སྡེ་ཁཱ་ལེ་ཧྥོར་ནེ་ཡའི་ནང་འཕྲད་བཞིན་པའི་དཀའ་ངལ་དང་གཅིག་པ་ཡིན་ལ། མ་འོངས་ལོ་ངོ་ ༥ ནང་ཆུ་ཡུར་འཛུགས་སྐྲུན་ཚན་པས་སྦུག་ལམ་འཛུགས་སྐྲུན་གྱི་འཕྲུལ་ཆས་དང་འགྲོ་གྲོན་སོགས་གོ་སྒྲིག་ཐུབ་ནའང་། ཆུ་འདྲེན་སྦུག་ལམ་དེས་བྱེ་ཐང་ས་ཁུལ་དེར་ལྗང་སྒྱུར་འཛུགས་སྐྲུན་ཐུབ་མིན་བཤད་དཀའ་བ་ཞིག་ཡིན་ཚུལ་བཤད་འདུག

གཞན་ཡང་ཡུན་ནན་ཞིང་ཆེན་ས་གནས་སྲིད་གཞུང་གིས། ད་ལོའི་ཕྱི་ཟླ་ ༨ པ་ནས་རྒྱ་ནག་གཞུང་གིས་ཡུན་ནན་ཞིང་ཆེན་དུ་རིང་ཚད་ལ་སྤྱི་ལེ་ ༦༠༠ ཡོད་པའི་ཆུ་འདྲེན་སྦུག་ལམ་ཞིག་བཟོ་བཞིན་ཡོད་པ་དང་། འཛུགས་སྐྲུན་སྤྱིའི་འགྲོ་གྲོན་ལ་རྒྱ་སྒོར་ཐེར་འབུམ་ ༧༨ དང་དུས་ཡུན་ལོ་ ༨ འགོར་རྒྱུ་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། འདས་པའི་ལོ་ཤས་རིང་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་ཁུལ་དུ་ཐན་པ་ཆེན་པོ་བྱུང་ཡོད་སྟབས། ཆུ་འདྲེན་སྦུག་ལམ་གསར་པ་དེ་བརྒྱུད་ནས་མ་འོངས་པར་ས་ཁུལ་དེའི་ཡུལ་མི་ས་ཡ་ ༡༡ ལྷག་ལ་ལོ་རེར་ཆུ་ཏུན་ཐེར་འབུམ་ ༣ མཁོ་འདྲེན་ཐུབ་ལུགས་བཤད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། བོད་ནས་ཤིན་ཅང་བར་ཡུར་ཆུ་འདྲེན་པའི་ལས་གཞི་ཐོག་མ་དེ་དུས་རབས་ ༡༩ པའི་ནང་ཆིན་རྒྱལ་རབས་ཀྱི་དཔོན་རིགས་ལིན་ཙི་ཞུ་ (Lin Zexu) དང་ཙུའུ་ཙོང་ཐང་ (Zuo Zongtang) ཟེར་བ་གཉིས་ཀྱི་འཆར་འགོད་འོག་འཛུགས་སྐྲུན་བྱས་ཡོད་པ་དང་། ཕྱིས་ཀྱི་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱ་ནག་གི་ཆུའི་ཐོན་ཁུངས་འཛུགས་སྐྲུན་ལྷན་ཁང་ (MWR) ཟེར་བའི་བཀོད་ཁྱབ་འོག རྒྱ་ནག་གཞུང་འབྲེལ་ཆུའི་ཐོན་ཁུངས་འཛུགས་སྐྲུན་ཚན་པ་མང་པོས། བོད་ཁུལ་གྱི་གཙང་ཆུ་མང་པོའི་ཆུ་ལག་བཀག་བསྐྱིལ་བྱས་ཏེ་གཞི་རྒྱ་ཆེ་བའི་ཆུ་མཛོད་བརྒྱབ་པ་དང་། ཆུ་རགས་རྩིག་པ། དེ་བཞིན། ཆུ་འདྲེན་སྦུག་ལམ་བཟོ་བཞིན་ཡོད་པ་རེད། ཤིན་ཅང་གི་ཊག་ལེ་མཱ་ཀན་ (Taklimakan) བྱེ་ཐང་ནི་བོད་མཐོ་སྒང་གི་མཐའ་ཁུལ་དུ་ཡོད་པ་དང་། ས་བབ་ཀྱི་རྐྱེན་པས་ས་ཁུལ་དེར་ཆར་ཆུ་ཉུང་བར་བརྟེན་ས་ཆའི་བརྒྱ་ཆ་ ༩༠ བེད་མེད་བྱེ་ཐང་དུ་གྱུར་ཡོད་འདུག

བོད་ཁུལ་གྱི་ཡར་ཀླུང་གཙང་པོ་དང་། འབྲི་ཆུ། རྨ་ཆུ། རྫ་ཆུ་སོགས་ནི་ལྷོ་ཤར་ཨེ་ཤ་ཡའི་ཆུའི་ཐོན་ཁུངས་གཙོ་བོ་ཡིན་པ་དང་། གཙང་བོ་དེ་དག་ལས་ལོ་རེར་ཆུ་ཏུན་ཐེར་འབུམ་ ༤༠༠ ལྷག་མཁོ་འདོན་ཐུབ་ཀྱི་ཡོད་སྐོར་ཡང་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༠/༣༠

Leave a Reply

One thought on “བོད་ནས་ཤིན་ཅང་བར་ཆུ་འདྲེན་སྦུག་ལམ་བཟོ་རྒྱུ་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    བེད་མེད་ཀྱི་ཆུ་བེད་སྤྱོད་བཏང་ཐུབ་ན་ཤིན་ཏུ་ལེགས་རྗེས་སུ་ཡིད་རངས་ཡོད་མི་ས་ཡ་སྟོང་ཚོ་མང་པོ་ལ་ཕན་ཐོག་གི་རེད་ཆོས་ཟེར་ན་དེ་རེད་ལ་གཞན་ཕན་ཟེར་ན་ཡང་དེ་རེད་།