ཡི་ཤུའི་ལྷ་ཁང་ནང་མི་གསོད་དོན་རྐྱེན་བྱུང་།

ཨ་རིའི་ལྷོ་རྒྱུད་མངའ་སྡེ་ཊ་ཁི་སི་ནང་དྲག་སྤྱོད་པ་ཞིག་གིས་མཆོད་མཇལ་མི་མང་ནང་གང་བྱུང་མེ་མདས་བརྒྱབས་ཏེ་མི་གྲངས་ ༢༦ དམར་གསོད་དང་མི་ ༢༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཞོགས་པར་ཨ་རིའི་ལྷོ་རྒྱུད་མངའ་སྡེ་ཊ་ཁི་སི་ (Texas) ཡི་གྲོང་རྡལ་སུ་ཐིར་ལན་ཌི་སི་ཕི་རེན་ (Sutherland Springs) ནང་ཡོད་པའི་ཡི་ཤུའི་ལྷ་ཁང་ཞིག་ཏུ་རེས་གཟའ་ཉི་མའི་མཆོད་མཇལ་ཚོགས་སྐབས། ལྭ་རིང་ནག་པོ་གྱོན་ཞིང་ལག་ཏུ་མེ་མདའ་ཐོགས་པའི་མི་ཞིག་གིས། མཆོད་མཇལ་མི་མང་ནང་གང་བྱུང་མེ་མདས་བརྒྱབས་ཏེ་ཡུལ་མི་ ༢༦ དམར་གསོད་དང་མི་ ༢༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང་། ས་གནས་ཉེན་རྟོག་པས་དྲག་སྤྱོད་པ་དེར་མེ་མདས་བརྒྱབས་ཏེ་ཡུལ་དངོས་སུ་བསད་ཡོད་འདུག

ཨ་རིའི་མཁའ་དམག་གི་མགྲིན་ཚབ་པ་སི་ཊི་ཧྥ་ནིག་ (Stefanek) ཟེར་བ་ཞིག་གིས། མི་གསོད་ལག་དམར་དེའི་མིང་ལ་ཁི་ལེ་ (Kelley) ཟེར་ཞིང་། ད་ལྟ་རང་ལོ་ ༢༦ ཡིན་པའི་ཨ་རི་བ་ཞིག་ཡིན་ལ། ཕྱི་ལོ་ ༢༠༡༠ ལོར་ཁོ་ལྷོ་ནུབ་མངའ་སྡེ་ནེའུ་ཝི་མཱི་སི་ཁོ་ (New Mexico) ནང་རྟེན་གཞི་བྱས་པའི་ཨ་རིའི་མཁའ་དམག་ནང་ཞུགས་ཡོད་ཀྱང་། ཁོས་རང་ཉིད་ཀྱི་བཟའ་ཟླ་དང་ཕྲུ་གུར་བརྙས་བཅོས་བྱས་པའི་རྐྱེན་གྱིས་ཕྱི་ལོ་ ༢༠༡༤ ལོར་དམག་གི་ཁྲིམས་ཁང་གིས། ཁོ་ལ་ཟླ་ ༡༢ ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། བཙོན་གྲོལ་བཏང་རྗེས་དམག་ཁོངས་ནས་ཕྱིར་འཕུད་བཏང་ཡོད་སྟབས། ཐེངས་འདིའི་མི་གསོད་དོན་རྐྱེན་དེ་ལ་འབྲེལ་བ་ཡོད་སྲིད་སྐོར་བརྗོད་འདུག

ཨ་རིའི་གཞུང་ཕྱོགས་ནས་ད་ལན་གྱི་མི་གསོད་དོན་རྐྱེན་དེ་ཁ་ཆེའི་དྲག་སྤྱོད་པར་འབྲེལ་བ་མེད་པ་དང་། དྲག་སྤྱོད་སྤེལ་མཁན་དེ་ཡང་ཨ་རི་བ་ཞིག་ཡིན་པ་ཙམ་ལས་ཁོའི་ལོ་རྒྱུས་རྒྱབ་ལྗོངས་དང་མིང་སོགས་གསལ་བོར་ཤེས་ཀྱི་མེད་སྐོར་བཤད་ནས་གནས་ཚུལ་དེ་གསང་བ་བྱས་ཡོད་འདུག ཐེངས་འདིའི་དམར་གསོད་དེ་ནི་མངའ་སྡེ་ཊ་ཁི་སི་ནང་བྱུང་བའི་དོན་རྐྱེན་ཚབས་ཆེ་ཤོས་ཆགས་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༡ ཉིན་ཨ་རིའི་ནུབ་རྒྱུད་གྲོང་ཁྱེར་ལཱ་སི་བི་གྷ་སི་ (Las Vegas) ནང་བསྡུས་པའི་རོལ་དབྱངས་མཚན་ཚོགས་ཤིག་གི་ཐོག ལོ་ན་ ༦༤ ཡིན་ཞིང་མིང་ལ་སི་ཊི་ཧྥིན་པཱ་ཌོ་ཁུ་ (Stephen Paddock) ཟེར་བ་ཞིག་གིས་ཀྱང་། མི་ཚོགས་ནང་གང་བྱུང་མེ་མདས་བརྒྱབས་ཏེ་ལྟད་མོ་བ་ ༥༨ རྐྱེན་ལམ་དུ་བཏང་བ་དང་། མི་ ༥༤༦ ལ་རྨས་སྐྱོན་བཟོས་ཡོད་པ་རེད། དམར་གསོད་དོན་རྐྱེན་དེ་ནི་ཕྱི་ལོ་ ༡༩༤༩ ལོའི་རྗེས་སུ་ཨ་རིའི་ནང་བྱུང་བའི་མེ་མདའི་དམར་གསོད་དོན་རྐྱེན་ཆེ་ཤོས་ཆགས་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༠༦

Leave a Reply

3 thoughts on “ཡི་ཤུའི་ལྷ་ཁང་ནང་མི་གསོད་དོན་རྐྱེན་བྱུང་།

  1. མི་དེ་དག་གི་སེམས་ལ་གདོན་ཞུགས་ཡོད་རྒྱུ་རེད། ངོ་མ་གདུག་རྩུབ་ཆེ་ཡི་ཡ། ཉེས་མེད་ཀྱི་འདས་པོ་དེ་དག་དང་དེ་དག་གི་ཤུལ་ལྷག་ནང་མི་རྣམས་དངསོ་གནས་སྙིང་རྗེ།