ཤེས་རིག་བཀའ་བློན་མཆོག་ཨ་རིའི་དོན་གཅོད་དུ་བསྐོས།

ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་པ་ལྟར་འདི་ལོའི་ཕྱི་ཟླ་ ༡༢ པའི་ནང་ལས་འཁུར་དབུ་འཛུགས་གནང་རྒྱུ་ཡིན་འདུག

དེ་རིང་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་ ༡ ནང་གསེས་ ༣ འོག་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ (༡) བཅས་ཀྱི་དགོངས་དོན་འོག དེ་རིང་ཕྱི་ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༡ ཉིན་ནས་ལས་འཁུར་དབུ་འཛུགས་གནང་རྒྱུ་ཡིན་འདུག འདི་གའི་གསར་འགོད་པས་བཀའ་དྲུང་ཡིག་ཚང་ལ་ཞལ་པར་ཕུལ་ཡང་ད་ལྟ་བཀའ་ཤག་ལྷན་རྒྱས་ཚོགས་འདུ་འཚོགས་བཞིན་འདུག

བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ནི་ཕྱི་ལོ་ ༡༩༥༣ ཟླ་ ༧ ཚེས་ ༡ ཉིན་བོད་སྐྱིད་གྲོང་དུ་སྐུ་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༧༩ ལོར་གཙུག་ལག་རབ་འབྱམས་པ་ཐོན་རྗེས། སྐབས་བདུན་པའི་བོད་མི་མང་དབུས་གཙང་སྤྱི་འཐུས་སུ་བདམས། ཕྱི་ལོ་ ༡༩༨༣ ནས་ ༡༩༨༧ བར་སྔ་གཞུག་ཏུ་ཤེས་རིག་ལས་ཁུངས་དང་ནང་སྲིད་ཀྱི་དྲུང་གཞོན་གནང་། ཕྱི་ལོ་ ༡༩༩༠ ལོ་ནས་བོད་ཀྱི་ཟློས་གར་ཁང་གི་འགན་འཛིན་དུ་བསྐོས། ཟློས་གར་གྱི་འགན་འཛིན་གནང་ཡུན་རིང་ལས་དོན་གྲུབ་འབྲས་གཟེངས་སུ་ཐོན་པར་བརྟེན། ཕྱི་ལོ་ ༡༩༩༥ ལོར་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་པའི་འགན་འཛིན་སྡེ་ཚན་ཁོངས་ནས་བྱས་རྗེས་གཟེངས་ཐོན་བྱུང་བར་ངོས་འཛིན་གྱིས་སུད་སི་བོད་མིའི་གཟེངས་རྟགས་ཐེངས་དང་པོ་དེ་ཁོང་ལ་གནང་ཡོད།

ཕྱི་ལོ་ ༡༩༩༥ ལོ་ནས་ཤེས་རིག་དྲུང་ཆེ་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༩ ལོར་ནང་སྲིད་དྲུང་ཆེར་གནས་སྤོས་གནང༌། ཕྱི་ལོ་ ༢༠༠༠ ལོ་ནས་རྩ་དགོངས་ཞུས་ཏེ་ཨ་རིར་གནས་བཞུགས་ཀྱིས། མི་ནི་སོ་ཌའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་ཁུངས་སུ་ལས་འཆར་འགན་འཛིན་དང༌། ཕྱི་ལོ་ ༢༠༠༣ ལོར་སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་ལས་འཁུར་ཞུས།

སྐབས་བཅུ་བཞི་པའི་བཀའ་ཤག་གིས་བཀོད་ཁྱབ་གནང་བ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་འདྲི་བྱ་ཡུལ་དང་། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢ ཉིན་ཤེས་རིག་དྲུང་ཆེར་བསྐྱར་དུ་བསྐོ་བཞག་གནང་ཡོད་པ་རེད། ཕྱི་ལོ་ ༢༠༡༤ ཟླ་ ༩ པའི་བོད་མི་མང་སྤྱི་འཐུས་ཚོགས་དུས་༨ པའི་ཐོག་བཀའ་བློན་དུ་མང་མོས་བདམས་ཐོན་བྱུང་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༡༡/༠༧

Leave a Reply

21 thoughts on “ཤེས་རིག་བཀའ་བློན་མཆོག་ཨ་རིའི་དོན་གཅོད་དུ་བསྐོས།

  1. དོན་གྲུབ་བཟང་པོ།

    སྤེན་ཚེ་ལ་ནོར་འཁྲུལ་མེད་ན་ཁྲིམས་ཀྱི་ཐོག་ནས་ཉེས་འཛུགས་བྱ་ཆོག་གི་རེད།ཁྲིམས་ཐོག་ནས་འགྲོ་པ་ཡིན་ན་སུར་དཀར་སུ་ནག་ཡང་ན་བཀའ་ཤག་ངོས་ནས་ཐག་བཅོད་ཡང་དག་པ་ཡོང་ཡོད་མེད་གསལ་པོ་ཆགས་རེད།དེ་སྐུ་ངོ་སྤེན་ཚེ་ག་རེ་གནང་གི་ཡོད་མེད་ལ་བལྟ་ཡ་རེད།དེ་མ་གཏོགས་གང་ཡང་མ་ཤེས་པ་ཕུན་ཚུལ་སྐྱོན་འཛུགས་རྐྱང་རྐྱ་བྱ་སྡོད་ན་ཁེ་བཟང་ག་རེ་འདུག
    བོད་ཀྱི་རྩ་དོན་ལ་ཕན་ཐོག་འདུག་གམ།གང་འདོད་ཀྱི་འདུ་ཤེས་འཛིན་པ་དེ་ཚོ་བོད་ཀྱི་རྩ་དོན་དགོངས་པ་མ་བཞེས་པ་གསལ་པོ་མངོན།