ཉེན་རྟོག་དཔོན་གྱིས་དགེ་འདུན་པ་ཞིག་ལྐོག་གསོད་བྱས།

མཚོ་སྔོན་ཞིང་ཆེན་བ་ཡན་རྫོང་ཉེན་རྟོག་ཁང་གི་མགོ་འཁྲིད་རྒྱ་རིགས་མཱ་མིང་ཅན་ཞིག་གིས་བྱ་ཁྱུང་དགོན་གྱི་དགེ་འདུན་པ་ཞིག་ལྐོག་གསོད་བྱས་ཏེ་བཙོན་ཁང་དུ་བཅུག་འདུག

འདི་གར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༠ ལོར་མཚོ་སྔོན་ཞིང་ཆེན་བ་ཡན་རྫོང་ཉེན་རྟོག་ལས་ཁུངས་ཀྱི་མགོ་འཁྲིད་མཱ་མིང་ཅན་གྱི་རྒྱ་རིགས་ཤིག་གིས། རྫོང་ཁོངས་དེར་ཡོད་པའི་མདོ་སྨད་ཀྱི་དགོན་ཆེན་བཞིའི་གྲས་བྱ་ཁྱུང་དགོན་གྱི་དཀོན་གཉེར་དགེ་འདུན་པ་མཐའ་ཡས་ཞུ་བ་ཞིག་གི་ལག་ནས་རྒྱ་སྒོར་འབུམ་ལྔ་ཁྲི་བཞི་(༥༤༠༠༠༠)གཡར་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོར་དཀོན་གཉེར་དགེ་འདུན་པ་དེས་མཱ་མིང་ཅན་གྱི་རྒྱ་རིགས་དེར་ཁ་པར་བཏང་སྟེ་དངུལ་ཕྱིར་སྤྲོད་དགོས་ཚུལ་བརྗོད་ཡོད་འདུག དེ་ནས་ཉིན་ཤས་རྗེས་ཀྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༣ པ་ཡས་མས་སུ། ཉེན་རྟོག་ཁང་གི་མགོ་འཁྲིད་མཱ་མིང་ཅན་དང་རྒྱ་རིགས་ལས་བྱེད་དཀྱུས་མ་ཕོ་མོ་གཉིས་བཅས་བྱ་ཁྱུང་དགོན་དུ་ཡོང་སྟེ། དགེ་འདུན་པ་མཐའ་ཡས་ལགས་ཀྱི་གྲྭ་ཤག་ཏུ་ཆུ་ཚོད་གཉིས་ཙམ་རིང་བསྡད་རྗེས། དགེ་འདུན་པ་དེ་ཉེན་རྟོག་རླངས་འཁོར་ནང་བཞག་སྟེ་དགོན་པ་ནས་ཕྱིན་ཡོད་འདུག

ཉིན་གསུམ་འགོར་རྗེས་ད་དུང་དགེ་འདུན་པ་དེའི་སྐོར་ལ་གོ་ཐོས་ཅི་ཡང་མེད་པར་བརྟེན། དགོན་པའི་ལས་སྣེ་རྣམས་ཀྱིས་དགེ་འདུན་པ་མཐའ་ཡས་ལགས་ལ་ཁ་པར་གཏོང་སྐབས་ལག་ཐོགས་ཁ་པར་སྒོ་བརྒྱབས་བཞག་ཡོད་པར་བརྟེན། འབྲེལ་ཡོད་རྣམས་དོགས་པ་སྐྱེས་ནས་དེ་མ་ཐག་ས་གནས་ཉེན་རྟོག་ཁང་ལ་འབྲེལ་གཏུག་བྱས་ཏེ་རྩད་གཅོད་གཏོང་སྐབས། དེ་སྔོན་རྫོང་ཉེན་རྟོག་ཁང་གི་མགོ་འཁྲིད་མཱ་མིང་ཅན་དང་མཉམ་དུ་ཡོང་བའི་རྒྱ་མོ་དེ་ཟི་ལིང་གྲོང་ཁྱེར་ནས་ཡིན་པ་དང་། དགེ་འདུན་པ་མཐའ་ཡས་ལགས་འཁྲིད་ཕྱིན་པའི་དགོང་མོ་དེར་མོ་ཟི་ལིང་གྲོང་ཁྱེར་དུ་ཕྱིར་ལོག་ཡོད་པ་ཤེས་རྟོགས་བྱུང་།

དེ་ཡང་བྱ་ཁྱུང་དགོན་དང་ཟི་ལིང་བར་དུ་ཡོད་པའི་རི་བོ་བླ་དམར་གྱི་ས་འོག་ཕུག་ལམ་རིང་མོའི་མགོ་མཇུག་གཉིས་སུ་གསང་བའི་བརྙན་ལེན་འཕྲུལ་ཆས་བཙུགས་ཡོད་སྟབས། བརྙན་ལེན་འཕྲུལ་ཆས་ལས་རྒྱ་མོ་དེའི་རླངས་འཁོར་ཨང་གྲངས་སོགས་རྩད་ཆོད་དེ་འཛིན་བཟུང་འདྲི་རྩད་བྱེད་སྐབས། རྒྱ་མོས་དགོང་མོ་དེར་དགེ་འདུན་པ་མཐའ་ཡས་ལགས་ཀྱི་སྐེ་བདམས་ཏེ་བསད་རྗེས་རྩ་བ་ཡུལ་ཚོའི་ཞིང་ཁའི་ས་འོག་ཏུ་བཅུག་ཡོད་པ་དང་། མོ་རང་དང་རྫོང་ཉེན་རྟོག་ཁང་གི་མགོ་འཁྲིད་བར་སྒེར་གྱི་འབྲེལ་བ་ཙམ་ལས་མི་གསོད་དོན་རྐྱེན་དེ་དང་འབྲེལ་བ་གང་ཡང་མེད་སྐོར་བརྗོད་ཡོད་འདུག

དགེ་འདུན་པ་དེ་བསད་ཚར་བའི་གནས་ཚུལ་ར་འཕྲོད་བྱུང་རྗེས། བ་ཡན་རྫོང་ཉེན་རྟོག་ཁང་གི་མགོ་འཁྲིད་མཱ་མིང་ཅན་འཛིན་བཟུང་བྱས་ཏེ་དགེ་འདུན་པ་མཐའ་ཡས་ལགས་ཀྱི་ཁྱིམ་མི་རྣམས་ལ་ལག་དམར་གསོད་རྒྱུར་མོས་མཐུན་ཡོད་མེད་སྐད་ཆ་འདྲི་སྐབས། ཁྱིམ་མི་ཚོས་ཆོས་ཕྱོགས་ལ་བསམ་བློ་བཏང་སྟེ་ཁོ་གསོད་དུ་བཅུག་མེད་པ་དང་། མཐའ་ཡས་ལགས་ལ་མཆོད་འབུལ་ཙམ་གྱི་ཆེད་དུ་རྒྱ་སྒོར་ཁྲི་ ༥ སྤྲད་ཡོད་འདུག ཡིན་ནའང་། སྲིད་གཞུང་གིས་རྒྱ་སྒོར་འབུམ་ལྔ་ཁྲི་བཞི་ཕྱིར་དགོན་པར་སྤྲོད་རྒྱུ་ཕར་ཞོག དགོན་པས་དངུལ་དེ་འདྲ་མང་པོ་ཉར་ཡོད་པ་དེ་ཁྲིམས་འགལ་ཡིན་ལུགས་ཀྱི་ཉེས་མིང་གཡོགས་ཡོད་འདུག

ཉེ་སྔོན་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ ༡༩ པ་ཚོགས་རྗེས། བཙོན་ཁང་དུ་ཡོད་པའི་མཱ་མིང་ཅན་གྱི་རྒྱ་རིགས་དེ་བཙོན་གྲོལ་གཏོང་རྒྱུ་ཡིན་སྐོར་བརྗོད་ཀྱི་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། བཙན་བྱོལ་ནང་ས་གནས་དེ་ནས་ཡིན་པའི་བོད་མི་ཧ་ཅང་ཉུང་ཉུང་ཡིན་སྟབས། གནས་ཚུལ་དེ་བྱུང་ནས་ཡུན་རིང་འགོར་ཡོད་ཀྱང་ཕྱི་ཕྱོགས་སུ་མཁོ་སྤྲོད་མ་ཐུབ་པར་ད་ལྟ་བར་དུ་ལྷག་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

བསྐྱར་བཅོས།: ༢༠༡༧/༡༡/༡༠

Leave a Reply

One thought on “ཉེན་རྟོག་དཔོན་གྱིས་དགེ་འདུན་པ་ཞིག་ལྐོག་གསོད་བྱས།