རང་སེམས་གཙང་མའི་ཞུ་མཆིད་དཀར་པོ།

   དུར་བྱང་།

མི་ཡི་གར་དུ་རོལ་བ་སྤྱན་རས་གཟིགས།།

འགྲོ་བའི་སླད་དུ་བྱོན་པ་ཐུགས་རྗེ་ཆེ།།

བདག་ཅག་དུས་ངན་འདི་ལས་ཕྱུང་བ་ཡི།།

ཐུགས་སྨོན་སྦྲང་ཆར་ཕོབས་ཤིག་ལྷག་པའི་ལྷ།།

སྲོག་གིས་གྲུབ་པའི་ས་མཐའི་སྲིད་གཞུང་གི།།

མཐོ་རིམ་དཔོན་པོའི་ཚོགས་ལ་སྤྲིངས་པ་ཡི།།

ཞུ་མཆིད་དཀར་པོ་ཟང་མར་བསྟན་པ་འདི།།

ཚིག་དོན་འཁྲུལ་བ་མེད་པར་བདག་གིར་བཞེས།།

སྐབས་དོན་མ་ཞུས་པའི་སྔོན་ཏག་ཏག་ལ་ཁོ་བོས་འདི་ལྟར་ཞུ་འདོད་དེ།ཕྱོགས་ཞེན་གྱི་དྲ་བར་ལྷུང་བ་དག་གིས་རེ་ཞིག་སྤྱན་ཟུང་བཙུམ་པར་གྱིས། མ་གཞི་མྱི་ཆུང་ལ་གཏམ་ཆེན་མི་འཛའ་བ་ཁོ་བོས་དེ་སྔ་ནས་རང་ཉིད་ལ་ཁ་བརྡ་བྱས་མྱོང་།

དེང་གི་ཆར། “དྲང་བོའི་གཏམ་ལ་འཁྱུག་པོའི”ཁ་ལན་སློག་པ་ནི་སྤྱི་ཚོགས་ཆུང་ཆུང་འདིའི་གྲུབ་ཆ་ཞིག་ཏུ་གྱུར་ཟིན་པས་ཅི་ཞིག་ཞུས་དང་མ་ཞུས་ལ་ཁྱད་པར་དེ་ཙམ་མེད་ནའང་རང་སེམས་དཀར་པོའི་ཞུ་མཆིད་གཙང་མ་འདི་མི་ཡ་རབས་གཅིག་གི་སེམས་སུ་སྨིན་སྲིད་ན་ཁོ་བོ་དེ་གས་ཡིད་ཚིམ་པ་ཡིན།

ང་ཚོར་བརྒྱ་ཁ་གཅིག་ཆོད་ཀྱི་ལམ་ལུགས་ཤིག་གཏན་ནས་མི་དགོས།འདི་སྒེར་གཅོད་པའི་ལམ་ལུགས་རེད། ང་ཚོས་ང་ཚོར་བདག་པའི་ས་ཞིང་སྣུམ་པོ་དེ་གཞན་ལག་ཏུ་ཤོར་བའི་མི་ལོ་དྲུག་ཅུ་འགོར་ཡོད། ང་ཚོས་སྒེར་གཅོད་ཀྱི་ལམ་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་གཞིས་བྱེས་གཉིས་སུ་གྱེས་ཡོད། གང་ན་སྒེར་གཅོད་ཀྱི་ལམ་ལུགས་དང་ཁྲམ་ལས་ཀྱི་ལྐོག་ཇུས་ཡོད་ན་དེ་ནི་ང་ཚོའི་དགྲ་བོ་ཡིན།

༧ གོང་ས་མཆོག་གིས་གསོལ་རས་གནང་བའི་དམངས་གཙོའི་སྲིད་ལུགས་འདི་ང་ཅག་ཐུན་མོང་གིས་ལོངས་སྤྱོད་བྱ་དགོས་པ་ལས་ཁ་རྒྱན་ཙམ་དུ་རྒྱུན་སྐྱོང་བྱེད་པ་ནི་རང་ཉིད་ལ་ཁྱད་གསོད་བྱས་པ་ཡིན་ལ།རླབས་ཆེ་བའི ༧ གོང་ས་མཆོག་གི་ཐུགས་དགོངས་ལ་དམའ་ཕབ་པ་ཡིན་པས་འདི་ལས་ལྷག་པའི་ངོ་ཚ་དགོས་པའི་གནས་སྟངས་ཤིག་ཡོད་མི་སྲིད།

དམངས་གཙོའི་ལམ་ལུགས་ཁྲོད་ཆེས་གལ་འགངས་ཆེ་བའི་གནད་དོན་ཞིག་ཡོད་པ་ནི། ཕྱི་གསལ་ནང་གསལ་བྱ་དགོས་པ་དེ་ཡིན། “མི་དམངས་ལ་འགན་འཁུར་དགོས་ན། ཐོག་མར་ངེས་པར་དུ་སྲིད་གཞུང་གང་དེར་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཡག་སྡུག་ཡོད་ཚད་མི་དམངས་ལ་ཤེས་སུ་འཇུག་དགོས། ཕྱི་གསལ་ནང་གསལ་གྱི་སྲིད་གཞུང་ཞིག་ཡིན་ཚེ།གསར་འགོད་རང་དབང་ཅིས་ཀྱང་ཡོད་དགོས་ལ།དུས་ལྟར་གསར་འགོད་པ་སྣེ་ལེན་གྱི་འདུ་ཚོགས་བསྡུས་ཏེ། སྤྱི་དམངས་ཀྱིས་སེམས་ཁུར་བྱེད་སའི་གནད་དོན་རྣམས་ལ་དྲི་ལན་གདབ་དགོས་པ་ཡིན།”

རེད་དེ། ཁ་རྩང་སྲིད་ཚབ་ཆོས་རིགས་བཀའ་བློན་མཆོག་གིས་གསལ་བཤད་དེ་སྤྱི་དམངས་ཀྱི་བློ་བདེ་ལ་ཡིད་ཁར་འབབ་པ་ཞིག་མ་བྱུང་བའི་ཁར། དེ་ལས་ལྡོག་སྟེ་དམངས་གཙོའི་ལམ་ལུགས་ལ་ཁྱད་གསོད་དང་སྤྱི་དམངས་ལ་བརྙས་བཅོས་བྱས་པ་ལྟ་བུར་སོང་ཡོད་ན། དེ་ནི་ཁྱེད་ཅག་གི་སྐད་ཀྱིས་བཤད་ན་༧ གོང་ས་མཆོག་ལ་མཚན་སྨད་ཀྱང་ཡིན་སྲིད།

དམིགས་བསལ་ཅན་རེ་འགའ་མ་གཏོགས་དམངས་གཙོའི་ཁྱད་ཆོས་ནི་ཕྱོགས་ཡོངས་ནས་ཕྱི་གསལ་ནང་གསལ་བྱ་དགོས་པ་ལས་གནད་དོན་ཉི་ཚེ་བ་ཞིག་ཕྱི་གསལ་ནང་གསལ་བྱས་ཏེ་ཕྱོགས་རིས་པ་ཞིག་ལ་གཡོལ་ཐབས་དང་སྦས་གསང་བྱེད་པ་ནི་གཏན་ནས་མི་རིགས། དེ་ནི་སྒེར་གཅོད་པའི་ཕྱོགས་སུ་ངང་གིས་སོང་བ་ཡིན་ཕྱིར་ཅི་བས་ཀྱང་ནན་ཏན་བྱ་དགོས་པ་ཡིན།

མ་གཞི་ཚོགས་ཟུར་སྐུ་ངོ་སྤེན་པ་ཚེ་རིང་ལགས་ཨ་རིའི་དོན་གཅོད་ནས་འཕོ་འགྱུར་བྱས་པ་ལ་ནི་ཁོ་བོར་ལྟ་ཚུལ་ཅི་ཡང་མེད།འོན་ཏེ་ཅི་ཞིག་ལ་འཕོ་འགྱུར་བྱ་དགོས་པའི་གནད་དོན་དེ་ཅིས་ཀྱང་ཤེས་དགོས། སྒེར་དོན་ཁོག་བཟུང་གིས་ངན་ཇུས་ཡིན་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། སྤྱི་དོན་གནད་བཟུང་གིས་སེམས་ཁུར་ཡིན་ན་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། གསང་སྦས་བྱེད་བཞིན་པའི་གནད་དོན་སྤྱི་དམངས་ལ་སླར་ཡང་གསལ་འགྲེལ་བྱ་དགོས་ཡོད། ཁོ་བོས་གང་དེའི་ངོ་གདོང་རྫོབ་པོ་དེ་ཅིས་ཀྱང་མཐོང་ན་འདོད།

རྣམ་རྟོག་གིས་ཁེངས་པའི་ང་ཅག་གིས་འདྲ་མཉམ་གྱི་ལྟ་གྲུབ་གཞིར་བཟུང་སྟེ་གནད་དོན་གང་ཞིག་ལ་ཚོར་བའི་རྦ་རླབས་འཕྱུར་བཞིན་པ་ནི་ཁྱེད་ཅག་གིས་མཐོང་སྲིད་དམ།ད་ཀོ་རྣ་གཡས་འོན་པ་དང་མིག་གཡས་ཞར་རའི་རྟུལ་ཞུགས་མི་འཛིན་པར་སྨྲ་བ་ལྷུག་པོར་གྲོལ་བའི་རེ་བ་སྙིང་ནས་ཞུ།

འདྲ་མཉམ་ཞེས་པ་ནི་གོ་ས་སོགས་ལ་ལྟོས་པ་མེད་པར་ཁྲིམས་ཀྱི་འོག་ཏུ་ཚང་མ་འདྲ་མཉམ་ཡིན་པའང་མ་བརྗེད་པར་གྱིས། འདི་ནི་ནང་ཚགས་ཀྱི་ཚུལ་དུ་བློ་སྙིང་མཆིན་གསུམ་གླན་པའི་ཁུལ་དུ་བྱས་པ་ཡིན་ཏེ། གྲོས་འདེབས་དང་རེ་ཞུའི་ངང་ཚུལ་ཞིག་ཏུ་ཅི་བས་ཀྱང་ངོས་འཛིན་བྱ་འོས་པ་ཡིན།

སྤྱི་དོན་ཁ་ཁྱེར་སྒེར་དོན་ཁོག་ཏུ་སྦས།།

སྤྱི་ཚོགས་ཆུང་ཆུང་འདི་ཀོ་འཁྲུག་པར་གྱུར།།

གཅིག་གིས་རྒྱབ་ནས་གཅིག་གིས་སྐྱོར་ཚུལ་འདི།།

དགྲ་བོའི་ལག་ཆར་འགྱུར་དོགས་ཅི་བས་འཕངས།།

བརྗོད་དོན་ལས་འཕྲོས་པའི་གནད་ཅིག་དྲན་གསོའི་ཚུལ་དུ་ཞུ་ན་དགོས་པ་ཅི་བས་ཆེ་སྟེ།སྐབས་འདི་འདྲ་ཞིག་ལ་ད་གཟོད་སྒམ་དཀྱེལ་ཞེས་པའི་མིང་ཚིག་འདིའི་གོ་དོན་ཐུགས་ལ་དྲན་པར་གྱིས། གནའ་བོའི་བྱུང་རབས་དག་ཏུ་གསལ་བའི་སྲིད་ཇུས་རྔམ་ནག་དེ་དག་རེ་ཞིག་སྐྱུར་བར་བྱ་སྟེ། དེ་དག་ལ་ཁྱོད་གསལ་ཆ་ཡོད་ལ་ངའང་ངེས་ཆ་ཡོད། མི་ལོ་འདི་དག་གི་རིང་ལ་མངོན་ལྐོག་འདྲ་འདྲེས་སུ་གྱུར་བའི་དགྲ་བོའི་སྲིད་ཇུས་དེ་དག་ལ་སྐྱར་དུ་ཞིབ་དཔྱོད་བྱས་ཏེ་རང་ཉིད་རང་གིས་གསོད་བཞིན་པའི་མངོན་གསལ་གྱི་བྱ་ལས་དག་ངེས་པར་དུ་མཁྱེན་དགོས་ཡོད།

དཔེར་ན། བོད་ནང་གི་མངའ་སྡེ་དང་རྫོང་ཁག་དག་གི་བར་ལ་དབྱེན་དང་ཕྲ་མ་ག་ཚོད་ཅིག་བཅུག་པ་དྲན་ནམ། འདི་གན་ཚང་དང་འདི་ཁྱེད་ཚང་ཞེས་དབྱེ་འབྱེད་ཀྱི་སྲིད་ཇུས་དེ་དག་ལ་སྔར་ལས་ལྷག་པའི་འབྲས་བུ་སྨིན་ཞིང་ཡལ་ཀ་རྒྱས་བཞིན་པ་ཅི་བས་ཀྱང་ཤེས་དགོས། དགྲ་བོ་ཚང་གིས་གང་ལ་གོ་སྐབས་ཡོད་ན་དེ་ལ་ལག་པས་འཇུས་ཏེ་རྫུན་དང་ཕྲ་མ།མགོ་སྐོར་ག་ཚོད་ཅིག་བཏང་བ་དྲན་ནམ།དཔེར་ན། དོལ་རྒྱལ་དང་འབྲེལ་བའི་གནད་དོན་དེས་ང་ཚོ་ཚད་གཞི་གང་ལ་བསྐྱལ་ཡོད་དམ།

ཉེ་བའི་ཆར། ཁོ་བོས་བྲིས་པའི«རྒྱ་ནག་གི་སྲིད་ཇུས་ལ་གཟབ་ནན་བྱ་དགོས་པའི་རེ་སྐུལ།»ཞེས་པར་གསལ་འདེབས་བྱས་པའི་«བོད་བྱ་བའི་ཚོགས་འདུ»ཟེར་བ་ཞིག་ཚོགས་ཏེ་ད་ནི་ང་ཚོར་གནད་ཆེ་བའི་ལས་ཀ་གཅིག་ཡོད་དེ། དེ་ནི་དབུ་མ་དང་རང་བཙན་བར་ལ་འགལ་ཟླ་བཟོ་རྒྱུ་དེ་ཡིན་ཞེས་ཁ་གསལ་གཏིང་གསལ་གྱིས་གྲོས་ཆོད་བཞག་པ་རེད།ཚོགས་འདུ་དེའི་གཙོ་སྐྱོང་བ་སྲིད་འཛིན་ཤིན་ཅིན་ཕིན་རེད། ད་དུང་མི་མངོན་པའི་ཚུལ་དུ་བོད་ཕྱི་ནང་བར་ལ་འགལ་ཟླ་བཟོས་དང་བཟོ་བཞིན་པ་ཡིན།

དེ་བས་ན། ང་ཚོས་སྐབས་འདི་འདྲ་ཞིག་ལ་ད་གཟོད་ཆིག་སྒྲིལ་ཞེས་པའི་མིང་བརྡ་འདི་དྲན་པར་བྱས་ཏེ་དགྲ་བོའི་གཡོ་འོག་ཏུ་ཚུད་མི་ཉན། ལན་རེར། ང་ཚོས་ནང་ཁུལ་ལ་འགྲིག་མིན་གྱི་ཆ་ཅུང་ཟད་རེ་མངོན་ཡོང་བ་ནི་ཅི་ཡང་མིན་ཏེ། དེ་ནི་དམངས་གཙོའི་ལམ་ལུགས་གྱི་གཟི་བརྗིད་རེད་ཅེས་ཀྱང་ཟེར་ཆོག

གནད་འགག་གི་སྐབས་སུ་རང་གི་གནས་སྟངས་ངོས་ཟིན་དགོས་པ་ལས་གཡམ་རྒྱུགས་དང་མི་དགོས་པའི་ཕྱོགས་ཞེན་སྐམ་པོ་ཞིག་གིས་ཅི་ཡང་རྔོ་ཐོགས་པ་མིན།

ས་ཞིང་སྣུམ་པོ་གཞན་གྱིས་བདག་ཏུ་བཟུང་།།

ཟབ་པའི་རིག་གཞུང་གཞན་གྱིས་ཉོག་ཏུ་བཏང་།།

འདི་འདྲའི་དུས་ངན་མིག་གིས་མཐོང་བཞིན་དུ།།

གདུང་རྩེ་རང་ལ་བསྐོར་བ་ཅི་བས་འཕངས།།

རུས་པ་དཀར་པོ་ཁ་བའི་ལྗོངས་སུ་གཏོར།།

ལྷག་བསམ་དཀར་པོ་གཏམ་གྱི་ཚུལ་དུ་བྱས།།

ཞུ་མཆིད་དཀར་པོ་རིགས་མཐུན་ཚོགས་ལ་ཕུལ།།

ཁ་བ་དཀར་པོའི་ཞེན་ཁོག་ལྷོག་ལྷོག་འཕྱུར།།

བསྐྱར་བཅོས།: ༢༠༡༧/༡༡/༡༣

Leave a Reply

6 thoughts on “རང་སེམས་གཙང་མའི་ཞུ་མཆིད་དཀར་པོ།

  1. དོན་དངོས་ཁྱེད་ཚོའི་སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས། བཀའ་ཤག་ལ་དམའ་འབེབས་དང་སྤེན་ཚེའི་ནག་ཉེས་ཐེར་འདོན་བྱེད་དགོས་པ་འདྲ་།ད་རེས་མ་འདྲ་བ་ཞིག་ལ་སྤེན་ཚེའི་རྒྱབ་སྐྱོར་བ་ཡིན་ཟེར་མཁན་ཚོའི་།སྤེན་ཚེའི་ནག་ཉེས་ཐེར་འདོན་དགོས་པའི་རྩོམ་དང་སྐད་ཆ་མང་པོ་གོ་ཡ་འདུག་།དངོས་གནས་བྱེད་ན་ནམ་རྒྱུན་སྤེན་ཚེའི་ཁ་གཏད་ཚོའི་སྤེན་ཚེའི་ནག་ཉེས་ཐེར་འདོན་དགོས་པའི་སྐད་འབོད་བྱེད་ན་ལེན་པོ་འདུག་།དེ་ནི་གོ་ཡ་ཅང་མི་འདུག་།ཕལ་ཆེར་སྤྱི་ཚོགས་ཟང་ཟིང་མི་ཡོང་བའི་ཆེད་དུ་ཡིན་ཤས་ཆེ་།

  2. འདིའི་ནང་དོན་གཙོ་བོ་གང་ཡིན་ཧ་གོ་དགོས་པ་དང་ངེས་པར་ཐུགས་བསམ་བཞེས་དགོས་པ་རེད། བོད་མི་ཞིག་ཡིན་པ་དང་སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་དུས་ངེས་པར་མི་རིགས་འདིའི་འདས་མ་ད་གསུམ་ལ་བསམ་བློ་གཏོང་དགོས་པ་རེད། རང་ཉིད་ཀྱིས་གང་ནུས་ཀྱིས་འབད་བརྩོད་གནང་དགོས་པ་དང་།་དྲང་བདེན་དང་ལས་འབྲས་བརྩི་སྲུང་གནང་དགོས་པ་ལྷག་པར་ད་ལྟའི་གནས་སྟངས་འདི་ཕྱི་གསལ་ནང་གསལ་ཞིག་བྱེད་མ་ཐུབ་ན་སྤྱི་ཚོགས་ནང་ལབ་གླེང་འདྲ་མིན་ཞིག་ཡོང་གི་ཡོད་པ་འདི་དབུ་ལ་བཞུགས་མཁན་རྣམ་པ་ཚོས་བྱས་ཉེས་ཡིན་པ་ཤེས་པའི་ཐོག་ནས་དགྲ་དགའ་གཉེན་སྡུག་གི་ལས་སུ་མི་འགྲོ་བ་གནང་དགོས་པ་གལ་ཆེན་རེད། ཅེས་ཞུ་འདོན་སོང་།