མཚན་མཐུན་གཉེན་སྒྲིག་ལ་མང་མོས་རྒྱལ་ཁ་ཐོབ།

འདས་པའི་ཟླ་གཉིས་རིང་ཨོ་སི་ཊོ་ལི་ཡའི་ནང་རྒྱལ་ཡོངས་འོས་བསྡུ་བྱས་པ་བརྒྱུད་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༦༡ བྱུང་སྟེ་ཁྲིམས་མཐུན་བཟོ་རྒྱུར་མང་མོས་རྒྱལ་ཁ་ཐོབ་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ནང་འདས་པའི་ཟླ་གཉིས་རིང་མཚན་མཐུན་གཉེན་སྒྲིག་ལ་འོས་བསྡུ་བྱས་ཏེ། དེ་རིང་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ལྟར་ན། མི་མང་བརྒྱ་ཆ་ ༣༨ ཀྱིས་དགག་པ་བརྒྱབས་པ་དང་བརྒྱ་ཆ་ ༦༡ གིས་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་བྱས་ཡོད་པར་བརྟེན། མཚན་མཐུན་གཉེན་སྒྲིག་ལ་མང་མོས་རྒྱལ་ཁ་ཐོབ་ཡོད་པ་རེད།

སི་ཨན་ཨན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨོ་སི་ཊོ་ལི་ཡའི་ནང་ལོ་མང་རིང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བྱེད་མིན་ཐད་རྩོད་རྙོག་བྱུང་སྟེ།  ཨོ་སི་ཊོ་ལི་ཡའི་གཞུང་གིས་འདི་ལོའི་ཕྱི་ཟླ་ ༩ པ་ནས་ཟླ་གཉིས་རིང་རྒྱལ་ཡོངས་སུ་འོས་བསྡུ་བྱས་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་ནང་མི་གྲངས་ས་ཡ་༡༢།༧ ཏེ་རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆ་ ༧༩།༥ ཡིས་ཆ་ཤས་བླངས་ཡོད་པའི་ཁྲོད། བུད་མེད་ཀྱིས་བརྒྱ་ཆ་ ༨༡།༦ དང་སྐྱེས་པས་བརྒྱ་ཆ་ ༧༧།༣ ཟིན། དེ་བཞིན་ན་གཞོན་གྱིས་བརྒྱ་ཆ་ ༧༨ དང་ལོ་ཚོད་རྒན་པས་བརྒྱ་ཆ་ ༧༢ ཟིན་ཡོད་འདུག

ཨོ་སི་ཊོ་ལི་ཡའི་སྲིད་བློན་མལ་ཁློམ་ཊ་རན་བྷོལ་(Malcolm TurnBull)ལགས་ཀྱིས། མི་མང་གིས་དྲང་བདེན་དང་ཕུགས་མདུན། དེ་བཞིན། བརྩེ་དུང་ལ་རྒྱབ་སྐྱོར་བྱས་སྟབས། ཨོ་སི་ཊོ་ལི་ཡ་གཞུང་གིས་ཡེ་ཤུ་འཁྲུངས་སྐར་མ་བསླེབ་གོང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་གཏན་འབེབས་བྱ་རྒྱུ་ཡིན། ཞེས་བསྒྲགས་ཡོད་པ་རེད།

དེ་རིང་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས། ཨོ་སི་ཊོ་ལི་ཡའི་བི་ཁུ་ཊོ་རེ་ཡ་(Victoria)མངའ་སྡེའི་རྒྱལ་ས་མལ་བྷོ་ནེ་རུ་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས། མཚན་མཐུན་གཉེན་སྒྲིག་ལ་རྒྱལ་ཁ་ཐོབ་པར་འཇའ་ཚོན་སྣ་ལྔ་ལྡན་པའི་ཚོན་རྩི་བྱུག་སྟེ་ཕན་ཚུན་ལ་འཐམ་འཁྱུད་དང་འོ་བྱེད་པ་སོགས་དགའ་སྤྲོའི་དཔལ་ལ་རོལ་ཡོད་པ་དང་། མཚན་མཐུན་བཟའ་ཚང་ཇོན་ནེ་མ་ཧཱ་ནེ་(Jone Mahoney)དང་ཇཱོ་སེ་ལེ་ནེས་(Josie Lennie)གཉིས་ཀྱིས་ཕན་ཚུན་ལ་འཐམ་འཁྱུད་བྱས་ཏེ་བརྗོད་དོན།  ད་ལྟ་ངེད་གཉིས་ཀྱིས་གཉེན་སྟོན་ཆེད་དངུལ་གསོག་དགོས་པ་མ་ཟད། མཚན་མཐུན་བཟའ་ཚང་མང་པོ་ཞིག་གི་གཉེན་སྒྲིག་ལས་ཉམས་མྱོང་གསོག་གི་ཡིན། ཞེས་བརྗོད་འདུག

ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་དེ་རིང་ནས་བཟུང་མཚན་མཐུན་གཉེན་སྒྲིག་གི་གྲོས་གཞི་གྲོས་འཆར་བཏོན་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་འཚོགས་འཆར་ཡོད་པའི་གྲོས་ཚོགས་མ་བསླེབ་བར་དུ་རྩ་ཁྲིམས་ནང་བསྒྱུར་བཅོས་གཏོང་ཆོག་གི་མེད་པ་རེད། ཡིན་ནའང་།  ཨོ་སི་ཊོ་ལི་ཡའི་ཁ་གཏད་ཆབ་སྲིད་ཚོགས་པའི་ཚོགས་གཙོ་བྷིལ་ཤཱོ་ཊན་(Bill Shorten)ལགས་ཀྱིས། དེ་རིང་ང་ཚོས་དགའ་སྟོན་ལ་རོལ་སྟེ་སང་ཉིན་ནས་བཟུང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་རེད།

གཉེན་སྒྲིག་གི་ཁྲིམས་ལུགས་ལ་འགྱུར་བ་ག་འདྲ་ཞིག་གཏོང་རྒྱུ་ཡིན་མིན་ནི་ད་ལྟའི་ཨོ་སི་ཊོ་ལི་ཡ་གཞུང་སྲིད་མཉམ་འཛིན་ཚོགས་པའི་བགྲོ་གླེང་བྱ་ཡུལ་གལ་ཆེན་ཞིག་ཆགས་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་ནང་མཚན་མཐུན་གཉེན་སྒྲིག་ལ་དགག་པ་བརྒྱབ་མཁན་ཚོགས་སྡེ་ཆེ་ཤོས་དེ་ཡེ་ཤུ་ཆོས་ལུགས་ཀྱི་ཚོགས་སྡེ་ཡིན་ཡང་། ཐེངས་འདིའི་འོས་བསྡུར་མང་མོས་རྒྱལ་ཁ་ཐོབ་རྗེས། ཡེ་ཤུ་ཆོས་ལུགས་ཚོགས་སྡེ་ཡི་མགྲིན་ཚབ་པ་ལེས་ལེ་ཤཱིལ་ཊོན་ལགས་ཀྱིས། མང་མོས་འོས་བསྡུའི་གྲུབ་འབྲས་ནི་ཨོ་སི་ཊོ་ལི་ཡའི་མི་མང་གི་ཐག་གཅོད་བརྟན་པོ་ཞིག་ཡིན་སྟབས། དེ་རིང་ང་ཚོའི་དམངས་གཙོའི་སྤྱི་ཚོགས་འདི་ང་ཚོའི་འདོད་ཐོག་ལ་སོང་མེད་ཀྱང་། ང་ཚོ་གུ་ཡངས་དང་རང་དབང་ཅན་གྱི་དམངས་གཙོའི་སྤྱི་ཚོགས་ཤིག་ཏུ་གནས་ཐུབ་ཡོད་པར་ངས་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་མ་ཟད། ད་ལན་ལས་འགུལ་ནང་ཞུགས་མཁན་ཚང་མས་མུ་མཐུད་ང་ཚོའི་དམངས་གཙོའི་སྤྱི་ཚོགས་ནང་མཉམ་ཞུགས་གནང་བའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་རེད།

ཨོ་སི་ཊོ་ལི་ཡ་ནི་དབྱིན་སྐད་དབྱིན་ཡིག་སྤྱོད་མཁན་གྱི་རྒྱལ་ཁབ་མང་པོའི་ཁྲོད་ནས་མཚན་མཐུན་གཉེན་སྒྲིག་ལ་མང་མོས་རྒྱབ་སྐྱོར་ཐོབ་པའི་རྒྱལ་ཁབ་གསར་ཤོས་དེ་ཡིན་པ་དང་།  ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་ནས་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོ་མཁན་གྱི་རྒྱལ་ཁབ་ཨང་གཉིས་པ་དེ་ཡིན་པ་རེད།  འདི་ལོའི་ཕྱི་ཟླ་ ༥ པའི་ཚེས ༢༤ ཉིན་ཐའེ་ཝན་གཞུང་གིས་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོས་ཏེ། ཨེ་ཤ་ཡའི་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་ཨང་དང་པོ་ཆགས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༡༥

Leave a Reply