རུལ་སུངས་ལ་བརྟེན་ནས་རྒྱ་ནག་འཐོར་ཞིག་ཏུ་འགྲོ་སྲིད་པའི་ཉེན་བརྡ་བཏང་།

ཡཱང་ཞོ་ཏུའུ་ཡིས་ལྐོག་ཟ་རུལ་སུངས་ལ་བརྟེན་ནས་དམར་ཤོག་ཚོགས་པའི་མ་འོངས་ལས་དབང་སྔོན་ཆད་ཨུ་རུ་སུ་མཉམ་འབྲེལ་སྲིད་གཞུང་འཐོར་ཞིག་ཏུ་སོང་བའི་ལས་དབང་དང་གཅིག་པ་ཆགས་རྒྱུ་ཡིན་སྐོར་བཤད་འདུག

རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་མགོ་འཁྲིད་གཞོན་པ་དང་རུལ་སུངས་སྔོན་འགོག་ལས་ཁུངས་ཀྱི་མགོ་འཁྲིད་ཡཱང་ཞོ་ཏུའུ(Yang Xiaodu) ཟེར་བ་དེས། རྒྱ་ནག་གཞུང་འབྲེལ་མི་མང་ཉིན་རེའི་ཚགས་པར་ཐོག་ལྐོག་ཟ་རུལ་སུངས་ལ་བརྟེན་ནས་དམར་ཤོག་ཚོགས་པའི་བསམ་བློ་དང་ཞིབ་བཤེར། སྲིད་དབང་བཅས་ཀྱི་སྟོབས་ཤུགས་ཉམས་རྒུད་དུ་ཕྱིན་ཏེ། དམར་པོའི་རྒྱལ་ཁབ་ཀྱི་ཁ་དོག་འགྱུར་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག་ལ། རྒྱ་ནག་དམར་ཤོག་ཚོགས་པས་སྒྲིག་ཁོངས་དཔོན་རིགས་ཚོར་ཕྱི་ལོ་ ༡༩༩༠ སྔོན་ལ་ཨུ་རུ་སུ་མཉམ་འབྲེལ་སྲིད་གཞུང་འཐོར་ཞིག་ཏུ་སོང་བའི་རྒྱུ་རྐྱེན་དང་མཇུག་འབྲས་སྐོར་ལ་ཤེས་རྟོགས་དགོས་པའི་སྐུལ་འདེད་ཡང་གཏོང་བཞིན་ཡོད་འདུག

ཡཱང་ཞོ་ཏུའུ་ཡིས། གནད་དོན་ཆེན་པོ་མང་པོ་ཞིག་ལེགས་བཅོས་མ་བཏང་ཚེ། དམར་པོའི་རྒྱལ་ཁབ་ཀྱི་ཁ་དོག་འགྱུར་ངེས་རེད། ཏང་དང་མི་མང་གི་ལས་དབང་དེ་སྔོན་ཆད་ཀྱི་ཨུ་རུ་སུ་མཉམ་འབྲེལ་སྲིད་གཞུང་ (Soviet Union) དང་ཡུ་རོབ་ཤར་དབུས་ཀྱི་དམར་ཤོག་རྒྱལ་ཁབ་ཁག་ (Eastern Bloc) འཐོར་ཞིག་ཏུ་སོང་བའི་ལས་དབང་དང་གཅིག་པ་ཆགས་ངེས་རེད། ཅེས་བཤད་ཡོད་འདུག

རུལ་སུངས་རྒོལ་རྡུང་གི་ལས་འགུལ་མུ་མཐུད་དུ་སྤེལ་དགོས་པའི་སྐོར་ལ་ཏུའུ་ཡིས། ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ་དེས་དམར་ཤོག་ཚོགས་པའི་ནང་གསར་བརྗེ་ཆེན་པོ་ཞིག་བསླངས་ཡོད་ནའང་། དམར་ཤོག་ཚོགས་པའི་ཆབ་སྲིད་ཁོར་ཡུག་གཙང་བཟོ་ཐུབ་མེད་པར་མ་ཟད། ལྐོག་ཟ་རུལ་སུངས་ཀྱི་འཐབ་འཁྲུག་ད་དུང་མཇུག་སྒྲིལ་ཐུབ་མེད་ལ། ང་ཚོ་མུ་མཐུད་ལྐོག་ཟ་རུལ་སུངས་ཀྱི་འཐབ་འཁྲུག་ལ་འཇུག་རྒྱུ་མ་གཏོགས། འཐབ་འཁྲུག་ཕྱིར་འཐེན་བྱེད་པའི་ལམ་ཡོད་པ་མ་རེད། ཅེས་བབརྗོད་ཡོད་པ་རེད།

སྲིད་དོན་དབྱེ་ཞིབ་པ་ཚོས་ཞི་ཅིན་ཕིན་གྱི་སྲིད་དབང་སྐབས་གཉིས་པར།  ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་དམ་དྲག་སྲིད་ཇུས་ལྷོད་ཡངས་སུ་གཏང་བའམ། ཡང་ན་དམར་ཤོག་ཚོགས་པ་ནང་ཁུལ་དུ་སྲིད་དབང་འཐབ་འཁྲུག་བསླངས་ཏེ་དམར་ཤོག་རྒྱལ་ཁབ་ཁ་འཐོར་ཡ་བྲལ་བཟོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཡཱ་ཞོ་ཏུའུ་ཕྱི་ལོ་ ༢༠༡༢ ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༨ པའི་ཐོག་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་རྒྱུན་ལས་སུ་བསྐོ་བཞག་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ཟླ་ ༡ པོའི་ནང་ཞི་ཅིན་ཕིན་གཞུང་གིས་ཡཱང་ཞོ་ཏུའུ་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་གཙོ་འཛིན་གཞོན་པར་བཞག ཕྱི་ལོ་ ༢༠༡༦ ཟླ་ ༡༢ པའི་ནང་རྒྱ་ནག་རྟོག་ཞིབ་ཁང་གི་མགོ་འཁྲིད་དུ་བསྐོས་ཏེ། ད་ལྟ་དབུས་ཆབ་སྲིད་ལྷན་ཁང་རྒྱུན་ལས་ལྷན་ཚོགས་ཀྱི་རྒྱུན་ལས་དཔོན་རིགས་ ༢༤ ཡི་གྲས་སུ་ཡོད་པ་རེད།

ཡཱང་ཞོ་ཏུའུ་ཟེར་བ་དེ་བོད་ལའང་རྒྱུས་མངའ་གང་འཚམས་ཡོད་པའི་དབུས་ཀྱི་མཐོ་རིམ་དཔོན་རིགས་ཤིག་ཡིན་འདུག ཕྱི་ལོ་ ༡༩༧༦ ནས་ ༡༩༨༦ བར་བོད་ལྗོངས་ནག་ཆུ་ས་ཁུལ་དང་ཆབ་མདོ་ས་ཁུལ་དུ་དམར་ཤོག་དྲུང་ཆེའི་ལས་ཀ་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༩༥ ལོར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཁང་གི་མགོ་འཁྲིད་དང་། ཕྱི་ལོ་  ༡༩༩༨ ལོར་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་མགོ་འཁྲིད་གཞོན་པར་བསྐོས་པ་བཅས་ལོ་མང་རིང་བོད་ནང་དུ་ལས་ཀ་བྱས་མྱོང་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༡༦

Leave a Reply

2 thoughts on “རུལ་སུངས་ལ་བརྟེན་ནས་རྒྱ་ནག་འཐོར་ཞིག་ཏུ་འགྲོ་སྲིད་པའི་ཉེན་བརྡ་བཏང་།

  1. རུལ་སུངས་ཐོར་ཞིག་ཏུ་སོང་ནའང་བོད་ལ་ཁྱད་པར་འགྲོ་གི་རེད་དམ།
    བོད་ཀྱི་གནད་དོན་སེལ་གྱི་རེད་དམ་་་་ཡང་ན་་་་་་་་བོད་ཀྱི་གནས་སྟངས་སེལ་གྱི་རེད།