རྒྱ་ནག་གི་རྐང་སྤོལ་རུ་ཁག་ལ་ངོ་རྒོལ་བྱས།

རྒྱ་ནག་གིས་འཇར་མན་གྱི་རྐང་སྤོལ་རུ་ཁག་ལ་དངུལ་སྤྲད་དེ་རྒྱལ་ཁབ་གཉིས་ཀྱི་རྐང་སྤོལ་རུ་ཁག་བར་འགྲན་སྡུར་བྱེད་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་བྱས་ཏེ་སྐར་མ་ ༢༥ ཙམ་རིང་རྩེད་འགྲན་མཚམས་འཇོག་དགོས་བྱུང་།

ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།   ཁ་སང་འཇར་མན་གྲོང་ཁྱེར་མཱེན་རྫི་(Mainz)རུ་རྒྱ་ནག་གི་རྒྱལ་ཁབ་རྐང་སྤོལ་རུ་ཁག་(Under 20)གིས། འཇར་མན་ལྷོ་ནུབ་ཀྱི་རྐང་སྤོ་རུ་ཁག་ ༡༦ དང་ལྷན་དུ་རྩེད་འགྲན་མགོ་འཛུགས་བྱས་ཏེ་ལས་རིམ་ཐད་གཏོང་བྱེད་བཞིན་པའི་སྐབས་དེར། འཇར་མན་གྱི་བོད་པའི་སྣེ་འཁྲིད་ཅེས་པའི་ཚོགས་པ་དེའི་ཚོགས་མི་བོད་པ་བཞི་དང་། འཇར་མན་བོད་དོན་རྒྱབ་སྐྱོར་བ་གཉིས་བཅས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་སྟེ། རྒྱ་ནག་གི་རྐང་སྤོལ་རྩེད་འགྲན་པར་ངོ་རྒོལ་བྱས་ཡོད་པར་བརྟེན། སྐར་མ་ ༢༥ རིང་རྩེད་འགྲན་མཚམས་འཇོག་དགོས་བྱུང་ཡོད་འདུག

ངོ་རྒོལ་ལས་འགུལ་བ་ཞིག་གིས། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་ཡོད་པ་མ་ཟད། བོད་ནང་འགྲོ་བ་མིའི་ཐོབ་ཐང་སོགས་བཀག་སྡོམ་དམ་དྲག་བྱེད་བཞིན་ཡོད་པ་དེར་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་སྐར་མ་ ༢༥ རྗེས་བསྐྱར་དུ་མགོ་འཛུགས་བྱས་ཡོད་ཀྱང་། འཇར་མན་རུ་ཁག་གིས་སྤོ་ལོ་ ༣ བླུགས་པ་དང་། རྒྱ་ནག་རུ་ཁག་གིས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་ཕམ་ཉེས་བྱུང་ཡོད་འདུག

འཇར་མན་རྐང་སྤོ་རྩེད་འགྲན་ཚོགས་པའི་ཚོགས་གཞོན་སྐུ་ཞབས་རོ་ནེ་རྫིམ་མར་མན་(Ronny Zimmermann)ལགས་ཀྱིས།  ལས་འགུལ་འདི་ནི་ཁྲིམས་མཐུན་ཐོག་སྨྲ་བརྗོད་རང་དབང་བེད་སྤྱད་པ་ཞིག་ཡིན་སྟབས།  ང་ཚོས་ངོ་རྒོལ་གྱི་ལས་འགུལ་འདིར་བཀག་སྡོམ་བྱ་མི་ཐུབ་པ་མ་ཟད།  ཁྱེད་རང་ཚོ་མགྲོན་པོ་ཞིག་ཡིན་པའི་ངོས་ནས་གནས་སྟངས་འདིའི་རིགས་ཞི་འཇགས་ངང་སེལ་དགོས་ཀྱི་ཡོད་པ་རེད། ཅེས་དང་། ང་ཚོ་གནས་ཚང་གཡར་ས་ཡག་པོ་ཞིག་བྱ་འདོད་ཡོད་ཀྱང་གནས་ཚུལ་འདི་འདྲ་ཞིག་བྱུང་བ་དེས་ང་ཚོ་སྐྱིད་པོ་མེད་པ་བཟོས་སོང་། ཞེས་བརྗོད་ཡོད་འདུག

འཇར་མན་ཆབ་སྲིད་པ་སྐུ་ཞབས་ཕི་ལོའོ་གྷར་(Pleuger)ལགས་ཀྱིས། རྒྱ་ནག་མི་མང་གིས་རྒྱལ་དར་འཁྱེར་ཆོག་པ་ལྟར་མི་རིགས་གཞན་གྱིས་ཀྱང་འཁྱེར་ཆོག་རེད་བསམ་གྱི་འདུག་པས།  ངས་ལས་འགུལ་འདི་ནི་ཆབ་སྲིད་ཞིག་ཏུ་མཐོང་གི་མི་འདུག ཅེས་བརྗོད་ཡོད་པ་རེད།

རྒྱ་ནག་གི་རྐང་སྤོལ་རུ་ཁག་གི་སློབ་སྟོན་པ་སོན་ཅི་ཧེ་ཡིས་ལས་འགུལ་བས་བོད་ཀྱི་རྒྱལ་དར་འཁུར་ཏེ་ངོ་རྒོལ་བྱས་པའི་སྐོར་ལ་སྐད་ཆ་གང་ཡང་བཤད་མེད་ཀྱང་།  ཁོས་རྒྱ་ནག་རྐང་སྤོལ་རུ་ཁག་དེ་རྐང་སྤོལ་ཡར་རྒྱས་དང་ཉམས་མྱོང་གསོག་ཆེད་འཇར་མན་ནང་ཡོང་བ་ཡིན་ལ། རྩེད་འགྲན་དེ་ནི་གྲོགས་པོའི་རྩེད་འགྲན་ཞིག་ཡིན་སྟབས། མ་འོངས་པར་རྐང་སྤོལ་མ་གཏོགས་ལས་འགུལ་གྱི་རིགས་གཞན་མི་ཡོང་བའི་རེ་བ་ཡོད་སྐོར་སོགས་བརྗོད་ཡོད་འདུག

ཐེངས་འདིའི་རྐང་སྤོ་འགྲན་བསྡུར་དེ་ན་ནིང་ཕྱི་ཟླ་ ༡༡ པའི་ནང་འཇར་མན་གཞུང་གིས་རྒྱ་ནག་གི་སྲིད་བློན་གཞོན་པ་ལོའུ་ཡན་དུང་དང་ལྷན་དུ་བཞག་པའི་ལས་གཞི་ཞིག་ཡིན་པ་དང་། རང་ལོ་ ༢༠ མན་ཆད་ཀྱིས་གྲུབ་པའི་རྒྱ་ནག་གི་རྐང་སྤོལ་རུ་ཁག་དེས་འཇར་མན་ལྷོ་ནུབ་ཀྱི་རྐང་སྤོལ་རུ་ཁག་ ༡༩ ཁྲོད་ནས་རུ་ཁག་ ༡༦ དང་མཉམ་དུ་འགྲན་སྡུར་བྱེད་ཀྱི་ཡོད་འདུག

 ཐེངས་འདིའི་རྩེད་འགྲན་གྱི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གི་རྐང་སྤོལ་རུ་ཁག་ཕྱི་ལོ་ ༢༠༢༠ ལོར་ཉི་ཧོང་དུ་འཚོགས་འཆར་ཡོད་པའི་འཛམ་གླིང་ཨོ་ལིམ་ཕིག་གི་རྐང་སྤོལ་འགྲན་སྡུར་ནང་ཞུགས་ཐུབ་པའི་ཆེད་དུ་ཡིན་ལ། རྒྱ་ནག་དང་འཇར་མན་བར་གྱི་ཆེས་ཐོག་མའི་རྐང་སྤོལ་འགྲན་སྡུར་འདིའི་ཆེད་དུ་རྒྱ་ནག་གིས་འཇར་མན་གྱི་རུ་ཁག་རེ་རེར་ཨ་སྒོར་ ༡༧༦༣༤ ཡི་བྱ་དགའ་སྤྲོད་ཀྱི་ཡོད་འདུག

གསར་འགོད་པ།   སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༢༠

Leave a Reply

One thought on “རྒྱ་ནག་གི་རྐང་སྤོལ་རུ་ཁག་ལ་ངོ་རྒོལ་བྱས།