རྒྱ་ནག་གིས་རོ་ཧིན་གྷ་ཡར་རོཊ་རམ་བྱ་རྒྱུ་ཡིན་ཟེར།

རྒྱ་ནག་གི་ཕྱི་དྲིལ་བློན་ཆེན་ཝང་ཡས་ཀྱིས་རོ་ཧིན་གྷ་ཡའི་ནང་དྲག་གནོན་མཚམས་འཇོག་བྱས་ཏེ་རྒྱལ་སྤྱིའི་ཐོག་ནས་དཔལ་འབྱོར་སོགས་ཀྱིས་རོགས་རམ་བྱེད་དགོས་ཚུལ་བརྗོད་འདུག

ཁ་སང་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡས་ (Wang Yi) བྷང་ལ་དེ་ཤི་བརྒྱུད་འབར་མའི་རྒྱལ་ས་ནེ་པི་ཌའུ་ (Naypyidaw) ལ་འབྱོར་ཡོད་པ་དང་། ཝང་གིས་རོ་ཧིན་གྷ་ཡའི་རྩོད་རྙོག་དེ་ཞི་འཇགས་ཡོང་བར་དང་པོ་དམག་གི་ལས་མཚམས་འཇོག་དགོས་པ་དང་། གཉིས་པ་ཚོགས་པ་སུ་ཡིན་ཡང་འབར་མ་དང་བྷང་ལ་དེ་ཤི་ཕན་ཚུན་བར་འབྲེལ་ལམ་ཡག་པོ་དང་དཀའ་རྙོག་སེལ་བར་རྒྱབ་སྐྱོར་བྱེད་དགོས། གསུམ་པ་རྒྱལ་སྤྱིའི་ཚོགས་པ་ཚོས་ར་ཀེན་ (Rakhine) མངའ་སྡེ་ཡར་རྒྱས་ཡོང་བར་རོགས་རམ་བྱེད་དགོས། ཞེས་བརྗོད་འདུག

ཡང་ཝང་གིས་ར་ཀེན་མངའ་སྡེ་ནི་རང་བྱུང་ཐོན་ཁུངས་ཡག་ཀྱང་དེ་དག་དོན་གྱིས་བེད་སྤྱོད་བཏང་སྟེ་གོང་འཕེལ་གཏང་ཐུབ་མེད་པ་དང་། ཁུལ་དེའི་ནང་འབྱུང་བཞིན་པའི་དཀའ་རྙོག་རྣམས་རྒྱལ་སྤྱིའི་ཐོག་ནས་སེལ་ཐབས་བྱེད་དགོས་པ་དང་། རྒྱ་ནག་གིས་ཀྱང་དཀའ་རྙོག་སེལ་བར་རོགས་རམ་བྱ་རྒྱུ་ཡིན་སྐོར་དང་། རྒྱ་ནག་དང་འབར་མ་རྒྱལ་ཁབ་གཉིས་ཀྱི་སའི་རྒྱ་ཁྱོན་དང་རྒྱལ་སྤྱིའི་སྟེང་དུ་སྟོབས་ཤུགས་ལ་ཁྱད་པར་ཆེན་པོ་ཡོད་ཀྱང་། རྒྱལ་ཁབ་གཉིས་ཀྱིས་ཡར་རྒྱས་འདོད་པ་ནི་གཅིག་མཚུངས་ཡིན་ལ། ལྷག་པར་དུ་རྒྱལ་ཁབ་གཉིས་གྲོགས་པོ་བཟང་པོ་ཡིན་སྐོར་བརྗོད་འདུག

བདུན་ཕྲག་སྔོན་མའི་ནང་རྒྱ་ནག་དམར་ཤོག་ཚོགས་པས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་སྟོབས་ཤུགས་གོང་འཕེལ་གཏོང་ཐབས་སྐོར་ལ་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། འབར་མ་དང་བྷང་ལ་དེ་ཤི་གཉིས་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་སྲིད་བྱུས་དང་རྒྱལ་སྲུང་བདེ་འཇགས་སོགས་ཀྱི་ཐད་ནས་གལ་གནད་ཅན་དུ་གྱུར་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱལ་ཁབ་དེ་གཉིས་ལ་མུ་མཐུད་འབྲེལ་ལམ་རྒྱུན་སྐྱོང་བྱེད་པར་ནུས་ཤུགས་འདོན་གྱི་ཡོད་པ་རེད།

ཧྲང་ཧེ་ལྷོ་ཤར་ཨེ་ཤ་ཡའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ཝང་དི་ཧྭ་ (Wang Dehua) ལགས་ཀྱིས། ད་ལྟ་འབྱུང་བཞིན་པའི་འབར་མའི་རོ་ཧིན་གྷ་ཡའི་དོན་རྐྱེན་དེས། མ་འོངས་པར་རྒྱ་ནག་དང་འབྲེལ་ལམ་ཡག་པོ་ཡོད་པའི་རྒྱལ་ཁབ་བྷང་ལ་དེ་ཤི་དང་། འབར་མ། རྒྱ་གར་བཅས་ལ་དོ་ཕོག་འབྱུང་ན་འདོད་ཀྱི་ཡོད་པ་མ་རེད། ཅེས་བརྗོད་ཡོད་འདུག

ཧྲང་ཧེ་སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཞིབ་འཇུག་པ་ཧུའུ་ཁྲི་ཡོང་ (Hu Zhiyong) གིས། འབར་མ་དང་བྷང་ལ་དེ་ཤིའི་ནང་འབྱུང་བཞིན་པའི་སྐྱབས་བཅོལ་གྱི་དཀའ་རྙོག་དེ། སོ་སོའི་རྒྱ་ཁབ་ཀྱི་དཔལ་འབྱོར་ཐོག་ནས་རོགས་རམ་ཆེན་པོ་བྱེད་ཐུབ་ཀྱི་མེད་སྟབས། རྒྱ་ནག་གིས་ཕྱོགས་གཉིས་ཀར་དཔལ་འབྱོར་གྱིས་རོགས་རམ་བྱས་ཏེ་སྔར་ཡོད་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་རྩིས་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

ད་ལོའི་ཕྱི་ཟླ་ ༨ པ་ནས་ད་ལྟ་བར་འབར་མའི་རོ་ཧིན་གྷ་མི་རིགས་འབུམ་དྲུག་ལྷག་སྐྱབས་བཅོལ་དུ་ཕྱིན་ཡོད་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་འབར་མའི་དམག་དཔུང་གིས་གྲངས་ཉུང་མི་རིགས་རྩ་མེད་བཟོ་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་ཀྱང་། འབར་མའི་སློབ་སྟོན་པ་ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱིས་སྣེ་འཁྲིད་པའི་འབར་མ་གཞུང་གིས་རྒྱལ་སྤྱིའི་སྐྱོན་བརྗོད་དེ་དག་ལ་ངོས་ལེན་བྱེད་ཀྱི་མེད་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༡/༢༠

Leave a Reply

One thought on “རྒྱ་ནག་གིས་རོ་ཧིན་གྷ་ཡར་རོཊ་རམ་བྱ་རྒྱུ་ཡིན་ཟེར།

  1. རྒྱུད་གྲྭ་བློ་བཟང་དབང་འདུས།

    མཉམ་འབྲེལ་རྒྱལ་ཚོགས་་་ ཧོ། ཧོ། རྒྱར་ཁོ་རྐུ་མ་འཇག་པ་ཁྱོད་་་་ གཞན་ལ་རོགས་པ་བྱེད་ཡ་ དངུལ་ག་ནས་རག་སོང། ཨ་ལེ་དང་པོ་་་ སྔོན་ལ་་་ བོད། ཤིན་ཅང་། སོག་པོ་སོགས་ལ་ བུ་ལོན་སྤྲོད་རྩི་བྱེད། དེ་ནས་གཞན་ལ་རོག་པ་བྱེད་ན་སྒྲིག་པ། ཧ། ཧ།