རྒྱལ་མཚན་ནོར་བུའི་ཡིག་གཟུགས་རྫུན་མ་བཙོང་།

ཐོ་བྷོ་དྲ་ཐོག་ཚོང་གཉེར་ཁང་གིས་རྒྱལ་མཚན་ནོར་བུ་ལགས་ཀྱི་མིང་བཀོད་པའི་ཡིག་གཟུགས་དང་རི་མོ་ཚོང་འགྲེམས་བྱེད་ཀྱི་ཡོད་པ་ཚང་མ་རྫུན་མ་རེད་ཅེས་གསལ་བསྒྲགས་བྱས། 

ཁ་སང་རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཚོང་གཉེར་ཁང་ཆེན་པོ་ཨ་ལི་བྷ་བྷ་ (Alibaba) ཁེ་ལས་ཁང་གིས་གཉེར་ཐོ་བྷོ་ (Taobao) ཟེར་བའི་དྲ་ཐོག་ཏུ། རྒྱ་ནག་གཞུང་ནས་༧པཎ་ཆེན་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་ལགས་ཀྱི་མིང་བཀོད་པའི་ཡིག་གཟུགས་དང་རི་མོ་ཁག་ཅིག་ཚོང་འགྲེམས་བྱེད་བཞིན་ཡོད་སྟབས། ཁ་སང་དགོང་མོར་རྒྱལ་མཚན་ནོར་བུ་ལགས་ཀྱིས་ཁོང་རང་སྒེར་གྱི་སྐད་འཕྲིན་ཐོག ཐོ་བྷོ་ཚོང་གཉེར་དྲ་བའི་ཐོག་ཡིག་གཟུགས་དང་རི་མོ་ཁ་ཤས་ཤིག་ལ་ཁོང་གི་མིང་བཀོད་དེ་ཚོང་བཞིན་ཡོད་པ་ནི། ཁོང་དང་འབྲེལ་བ་རྩ་བ་ནས་མེད་པས་མི་མང་གིས་ཡིད་གཟབ་དགོས་པའི་སྐོར་བརྗོད་འདུག

གསལ་བཤད་དེ་སྤེལ་རྗེས་ཐོ་བྷོ་ཚོང་གཉེར་དྲྭ་བའི་འགན་འཛིན་གྱིས། ང་ཚོའི་དྲྭ་བའི་ནང་༧པཎ་ཆེན་རིན་པོ་ཆེའི་ལག་རྩལ་ཡིན་ཟེར་ནས་ཅ་ལག་བཙོང་རྒྱུ་བཞག་པ་ཚང་མ་ཕྱིར་འཐེན་བྱས་ཟིན་པ་ཡིན་ལ། ང་ཚོས་སྒྲིག་ཁྲིམས་ལ་རྡོག་རོལ་བཏང་ནས་མུ་མཐུད་གཞན་ལ་མགོ་སྐོར་གཏོང་ཐབས་བྱེད་མཁན་ཚོར་དོ་སྣང་དང་གཟབ་གཟབ་བྱེད་ཀྱི་ཡིན། ཞེས་བརྗོད་ཡོད་པ་ལྟར། དེ་རིང་ཞོགས་པ་ནས་ཐོ་བྷོ་དྲ་བའི་ནང་དེ་སྔོན་༧པཎ་ཆེན་རིན་པོ་ཆེའི་ཡིན་ཟེར་ནས་ཡིག་གཟུགས་དང་རི་མོ་ཚོང་འགྲེམས་བྱས་པ་དག་མཐོང་རྒྱུ་མེད་པ་གྱུར་ཡོད་འདུག

བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། རྒྱལ་མཚན་ནོར་བུ་ལགས་ཆུང་དུས་ནས་ཉིན་ལྟར་ཉུང་མཐར་ཆུ་ཚོད་གཅིག་ཙམ་རིང་བོད་རྒྱ་གཉིས་ཀྱི་ཡིག་གཟུགས་འབྲི་རྩལ་སྦྱོང་གི་ཡོད་པ་དང་། དེང་སྐབས་རྒྱ་ནག་ནང་ཁོང་སྐད་གྲགས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་ནག་གི་མཐོ་རིམ་དང་འབྲིང་རིམ་སྤྱི་ཚོགས་ནང་ཁོང་ལ་དད་པ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

ཐོ་བྷོ་ཚོང་གཉེར་དྲ་བ་ནི་རྒྱལ་སྤྱིའི་སྟེང་གི་ཚོང་གཉེར་དྲྭ་བ་ཨི་བྷེ་ (eBay) དང་ཨ་མཱ་ཛོན་ (Amazon) ལྟ་བུའི་དྲ་ཐོག་ཚོང་གཉེར་ཁང་ཆེན་པོ་ཞིག་ཡིན་པ་དང་། རྒྱ་ནག་མི་མང་གིས་དྲ་ཐོག་བརྒྱུད་རྒྱུ་དངོས་ཉོ་བཙོང་ཆེད་ཐོ་བྷོ་བེད་སྤྱོད་མང་ཤོས་གཏོང་གི་ཡོད་འདུག་ལ། དེའི་སྦྱིན་བདག་ནི་ཨ་ལི་བྷ་བྷ་ཁེ་ལས་བཟོ་གྲྭ་ཡིན་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༡/༢༢

Leave a Reply