སློབ་ཕྲུག་གིས་རང་ཤི་ངོ་རྒོལ་བྱས།

རང་ལོ་ ༡༨ ཡིན་པའི་རྒྱ་གར་གྱི་སློབ་ཕྲུག་བུ་མོ་ཞིག་གིས་ཡིག་རྒྱུགས་རྐུ་བཤུ་བྱས་པ་དགེ་རྒན་གྱིས་བཟུང་པར་བརྟེན་ཉལ་ཁང་དུ་རང་ཤི་བརྒྱབས་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཆིན་ནཱེ་ཡི་སཱ་ཐི་ཡ་བྷ་མཱ་Sathyabama གཙུག་ལག་སློབ་གཉེར་ཁང་གི་ཡིག་རྒྱུགས་གཏོང་སྐབས། སློབ་ཕྲུག་བུ་མོ་ཞིག་གིས་རྐུ་བཤུ་བྱེད་ཀྱི་ཡོད་པ་དགེ་རྒན་གྱིས་མཐོང་སྟེ་རྒྱུགས་ར་ནས་ཕྱིར་འཕུད་ཡོད་པར་བརྟེན།  བུ་མོ་དེ་ཉལ་ཁང་ནང་ཕྱིན་ནས་རང་ཤི་བརྒྱབས་ཡོད་འདུག

རང་ཤིའི་གནས་ཚུལ་སློབ་གླིང་དུ་ཁྱབ་རྗེས། གཙུག་ལག་སློབ་གཉེར་ཁང་དེའི་སློབ་མ་ཚོས་སློབ་གྲྭའི་ལས་བྱེད་རྣམས་ཀྱིས་སློབ་ཕྲུག་ཚོར་ཁྱད་གསོད་གཏོང་གི་ཡོད་སྐོར་བརྗོད་དེ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་མ་ཟད། སློབ་གཉེར་ཁང་དེའི་སྡོད་ཁང་སོགས་མེར་བསྲེགས་ཡོད་འདུག

ད་ལྟའི་ཆར་བུ་མོ་དེའི་ཕུང་པོ་སྨན་ཁང་དུ་འཁུར་ཏེ་ཤི་རྐྱེན་སོགས་ལ་ཉེན་རྟོག་པས་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། སློབ་ཕྲུག་ཚོས་གསར་འགོད་པར་བརྗོད་པ་ལྟར་ན། སློབ་གཉེར་ཁང་དེའི་དགེ་རྒན་ཆེན་མོ་བ་ཞིག་གིས་སློབ་ཕྲུག་བུ་མོ་དེར་གནོན་ཤུགས་སྤྲོད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།

ས་གནས་ཉེན་རྟོག་པ་དང་སཱ་ཐི་ཡ་བྷ་མཱ་གཙུག་ལག་སློབ་གཉེར་ཁང་གི་འཛིན་སྐྱོང་གཉིས་ཀྱིས། སློབ་ཕྲུག་ཁག་ཅིག་གིས་སློབ་གྲྭའི་སྡོད་ཁང་དང་། གློག་སོགས་ཅ་དངོས་མང་པོ་ཞིག་ལ་གཏོར་སྐྱོན་བཏང་སོང་། ཞེས་བརྗོད་ཡོད་པ་དང་།  དེ་རིང་སྔ་དྲོ་ནས་ས་གནས་ཉེན་རྟོག་པས་སློབ་གཉེར་ཁང་དེར་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་འདུག

རང་ཤི་བརྒྱབས་པའི་བུ་མོ་དེའི་མིང་ལ་རཱ་གྷ་མོ་ནེ་གཱ་(Raga Monika)ཟེར་ཞིང་། ཨན་ཌི་ར་མངའ་སྡེ་ནས་ཡིན་པ་དང་། མོ་ནི་གཙུག་ལག་སློབ་གཉེར་ཁང་དེའི་ནང་གློག་ཀླད་ཚན་རིག་སྦྱོང་བཞིན་པའི་མཐོ་རིམ་དང་པོའི་སློབ་ཕྲུག་ཅིག་ཡིན་འདུག

སཱ་ཐི་ཡ་བྷ་མཱ་གཙུག་ལག་སློབ་གཉེར་ཁང་ནི་སྒེར་བདག་སློབ་གཉེན་ཁང་ཞིག་ཡིན་པ་དང་། སློབ་གཉེར་ཁང་དེ་ཕྱི་ལོ་ ༡༩༨༧ ལོར་གསར་རྒྱག་བྱས་ཡོད་ཀྱང་། འདས་པའི་ལོ་འགའི་རིང་སློབ་གཉེར་ཁང་དེར་སྒྲིག་ཁྲིམས་དམ་དྲག་སྟེ་སློབ་ཕྲུག་ཚོས་དུས་དང་འཚམ་པའི་གྱོན་ཆས་སྤྲས་མི་ཆོག་པ་སོགས་སློབ་གཉེར་ཁང་དེར་སྐྱོན་བརྗོད་དང་ངོ་རྒོལ་བྱེད་མཁན་བསྟུད་མར་བྱུང་ཡོད་པ་རེད།

འདི་ནི་འདས་པའི་ཟླ་གཅིག་རིང་ཆིན་ནཱེ་ནང་སློབ་ཕྲུག་གིས་རང་ཤི་བརྒྱབས་པའི་གནས་ཚུལ་བྱུང་བ་ཐེངས་གཉིས་པ་དེ་ཆགས་ཡོད་འདུག ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་རྒྱ་གར་དབུས་སྒྱུ་རྩལ་མཐོ་སློབ་ཞིག་གི་ལོ་རིམ་བཞི་བའི་སློབ་མ་པ་རཱ་ཁེ་ཤཱི་(Prakesh)ཟེར་བ་ཞིག་གིས་རང་ཤི་བརྒྱབས་ཡོད་པ་དང་། ཁོའི་སློབ་གྲོགས་ཚོས་གཞུང་ལ་ངོ་རྒོལ་བྱས་ཏེ་སློབ་ཕྲུག་པ་རཱ་ཁེ་ཤཱི་ལ་སྡེ་ཚན་འགན་འཛིན་གྱིས་གནོན་ཤུགས་སྤྲད་དེ་རང་སྲོག་བཅད་ཡོད་སྟབས། ཁོ་ལ་དྲང་བདེན་གྱི་ཐག་གཅོད་ཅིག་ལེན་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༧/༡༡/༢༣

Leave a Reply

2 thoughts on “སློབ་ཕྲུག་གིས་རང་ཤི་ངོ་རྒོལ་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་ཡ

    རང་སྲོག་རང་གི་བཅད་པ་ན་དེ་ལྟར་དམྱལ་བའི་གནས་སུ་ལྷུངས་།
    ཨོམ་མ་ཎི་པདྨེ་ཧུང་་་་་་་་་་་་་།