འཛམ་གླིང་ཐོག་རེ་བ་བཟང་ཕྱོགས་ཀྱི་དཔེ་མཚོན་དུ་བོད་པ་བཞག་ན་མ་ཆོག་པ་མི་འདུག

སྤྱིར་རྒྱ་ནག་གཞུང་གིས་བོད་ནང་ཧན་མི་རིགས་འཕོན་ཆེན་པོ་གཞིས་སྤོར་བཏང་སྟེ་བོད་མི་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་ཀྱང་བོད་མིའི་འཐབ་རྩོད་ཀྱི་རྒྱབ་ལྗོངས་དང་སྟོབས་ཤུགས་དེ་མཐོང་ཡོང་དུས་བོད་མི་རྣམས་ནམ་ཡང་རྩ་མེད་དུ་འགྲོ་ཡི་རེད་བསམ་གྱི་མི་འདུག་ཅེས་བརྗོད་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་༩ པའི་སྟེང་བཞུགས་སྒར་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག སྐུ་ཞབས་ཌར་རི་ཡན་ཧིན་ཇ་ (Derryn Hinch) ལགས་ཀྱིས་སྣེ་འཁྲིད་པའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་བཞི་ཡིས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ནས་གསར་འགོད་ལྷན་ཚོགས་ཤིག་ཚོགས་སོང་བ་དང་། ཟླ་འདིའི་ཕྱི་ཚེས་༢༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཏཇ་མགྲོན་གསོལ་མགྲོན་ཁང་ (Taj Mahal) དུ། སྐུ་ཚབ་ཚོགས་པ་དེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཏེ་བཀའ་མོལ་གནང་ཡོད་འདུག

 ཐོག་མར་སྐུ་ཞབས་ཌར་རི་ཡན་ཧིན་ཇ་ལགས་ཀྱིས་ཁོང་རང་བོད་དོན་ཐོག་དོ་འཁུར་ཇི་ལྟར་བྱུང་བའི་སྐོར་ལ་ཁོང་གིས། དེ་སྔོན་ང་ཚོས་༧གོང་ས་མཆོག་ལ་ཐེངས་འགར་མཇལ་བཅར་ཞུས་་མྱོང་ཡོད་ཀྱང་། ༧གོང་ས་མཆོག་གི་བཞུགས་གནས་རང་ལ་ལྟ་སྐོར་དུ་སླེབས་པ་ནི་དམིགས་བསལ་ཞིག་ཆགས་བསྡད་ཡོད་པ་རེད། ང་ཚོས་བོད་པའི་སློབ་གྲྭ་ཁག་དང་། དགོན་སྡེ་ཁག དེ་བཞིན་བོད་ཁྱིམ་གྱི་སློབ་གྲྭ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་ཀ་བྱེད་སྟངས་དེ་ཚོར་བལྟས་པ་ཡིན། དངོས་གནས་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་འདུག ང་ཚོས་ཁྱེད་རྣམ་པས་རང་གི་རིག་གཞུང་སྲུང་སྐྱོབ་ཆེད་རེས་གཟའ་ལྷག་པར་དམིགས་བསལ་གྱིས་ཉིན་མོ་ཞིག་ལ་སྲུང་གཙི་བྱེད་ཚུལ་དང་། བོད་ཕྱི་ནང་གི་བོད་མི་རྣམས་ནས་དབུ་མའི་ལམ་ལ་ཤར་སྐྱོད་ཚུལ་བཞིན་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་སོང་། ང་ལ་ཆ་བཞག་ན་༧གོང་ས་མཆོག་དང་མཇལ་འཕྲད་བྱུང་རྗེས་བོད་དང་འབྲེལ་བ་ཐོག་མར་བྱུང་བ་མ་ཡིན་པར། དེ་སྔོན་ཕྱི་ལོ་༡༩༨༨ ལོར་ངས་བརྙན་འཕྲིན་ཁང་དུ་ལས་ཀ་བྱས་སྐབས་ནས་འབྲེལ་བ་བྱུང་ཡོད་པ་རེད། སྐབས་དེར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཞི་རྒོལ་བ་ཚོར་རྒྱ་ནག་དམག་དཔུང་གིས་མི་གསོད་དོན་རྐྱེན་ཆེན་པོ་བཟོས་ཡོད་པའི་པར་དང་བརྙན་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཐོག་ཐོན་ཡོད་པ་མ་ཟད། ང་རང་ལས་ཀ་བྱེད་སའི་ཨོ་སི་ཊོ་ལི་ཡའི་གསར་ཁང་དུའང་རྒྱ་ནག་གིས་གྲྭ་པ་ཚོའི་མགོ་ལ་རྡུང་རྡེག་བྱེད་བཞིན་པའི་གནས་ཚུལ་དེ་དག་ཐོན་ཡོད་པ་རེད། ཅེས་གསུངས་སོང་།

 ཡང་ཁོང་གིས། རྒྱ་ནག་དང་བོད་བར་གྲོས་མོལ་ཐེངས་འགའ་ཤས་བྱུང་ཡོད་པ་དེ། བོད་ཀྱིས་དབུ་མའི་ལམ་གྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བྱུང་བ་ཞིག་རེད། སྤྱིར་རྒྱ་ནག་གཞུང་གིས་བོད་ནང་ཧན་མི་རིགས་འཕོན་ཆེན་པོ་གཞིས་སྤོར་བཏང་སྟེ་བོད་མི་རྩ་མེད་དུ་གཏོང་ཐུབ་ན་བསམ་པའི་རེ་བ་བྱེད་ཀྱི་ཡོད་ཀྱང་། བོད་མི་རྣམས་ནམ་ཡང་རྩ་མེད་དུ་འགྲོ་ཡི་མ་རེད། རྒྱུ་མཚན་ནི་བོད་མི་རྣམས་ལ་འཐབ་རྩོད་ཀྱི་མ་རྩའམ་རྒྱབ་ལྗོངས་ཀྱི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་ང་ཚོས་མཐོང་བྱུང་། ངས་ལྡི་ལིར་༧གོང་ས་མཆོག་ལ་མཇལ་འཕྲད་ཞུས་སྐབས། ང་ཚོ་ལོ་ངོ་༡༥ རྗེས་སུ་བོད་ནས་མཇལ་ཡོང་ཞེས་ཞུས་པ་ཡིན། ཞེས་བརྗོད་སོང་། སྐུ་ཞབས་ཌར་རི་ཡན་ཧིན་ཇ་ལགས་ནི་ཨོ་སི་ཊོ་ལི་ཡའི་དྲང་བདེན་ཚོགས་པའི་ (Justice Party) འཐུས་མི་ཞིག་ཡིན་འདུག

དེའི་རྗེས་སྐུ་ཞབས་ཧོན་ཀི་ཝིན་ཨེན་ཌི་རུ་བ་ (Hon Kevin Andrews) ལགས་ཀྱིས། དབུ་མའི་ལམ་གྱི་སྲིད་བྱུས་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འབད་བརྩོན་གནང་སྟེ་ལོ་ངོ་༡༠ ཕྲག་ཁ་ཤས་ཕྱིན་ཡོད་པ་དང་། བཙན་བྱོལ་བོད་མིའི་གྲོས་ཚོགས་ནས་ཀྱང་ལངས་ཕྱོགས་དེར་རྒྱབ་སྐྱོར་མུ་མཐུད་ཞུ་མུས་རེད། ཐོག་མར་སྲིད་བྱུས་དེ་ལག་བསྟར་བྱས་པ་ནས་ད་བར་དངོས་ཡོད་གནས་ཚུལ་དང་ཧ་ཅང་འཚམ་པའི་སྲིད་བྱུས་ཤིག་གི་ཐོག་མུ་མཐུད་ནས་གནས་ཡོད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་དགོས་ཟེར་བའི་ལངས་ཕྱོགས་དེར་རྒྱལ་སྤྱིའི་མགོ་འཁྲིད་རྣམ་པས་ཧ་ཅང་རྒྱུ་མཚན་ལྡན་པ་ཞིག་ལ་མཐོང་གི་ཡོད། སྲིད་འཛིན་དང་སྲིད་བློན་གཙོས་རྒྱལ་སྤྱིའི་མགོ་འཁྲིད་དང་གྲོས་ཚོགས་སོགས་ཀྱིས་དུས་ནས་དུས་སུ་བོད་ཀྱི་གནད་དོན་སེལ་དགོས་པའི་རེ་འདུན་གང་མང་འདོན་བཞིན་ཡོད་པ་དང་། ངས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་བོད་ཀྱི་གནད་དོན་སྐོར་གླེང་སློང་བྱེད་ཀྱི་ཡིན་ལ། རྒྱལ་སྤྱིའི་སྒང་ཞི་བའི་ཐོག་བོད་ཀྱི་བདེན་དོན་གསལ་བར་རོགས་སྐྱོར་གནང་དགོས་པའི་རེ་འདུན་འདོན་གྱི་ཡིན། ཞེས་བརྗོད་སོང་། སྐུ་ཞབས་ཧོན་ཀི་ཝིན་ཨེན་ཌི་རུ་བ་ལགས་ནི་ཨོ་སི་ཊོ་ལི་ཡའི་བཅིངས་གྲོལ་ཚོགས་པའི་ (Liberal Party) འཐུས་མི་ཞིག་ཡིན་འདུག

 ལྕམ་སྐུ་ཀིམ་བྷར་ལི་ཀཊ་ཅིང་ (Kimberly Kitching) ལགས་ཀྱིས།  ང་ཚོ་བོད་ཁྱིམ་དུ་ལྟ་སྐོར་ཕྱིན་པ་ཡིན། འདི་ནི་ངས་ད་ལྟའི་བར་དུ་ལྟ་སྐོར་ཕྱིན་པའི་ས་ཆ་དག་གི་ནང་ནས་ས་ཆ་སྐྱིད་ཤོས་ཤིག་ཏུ་ཚོར་བྱུང་། སློབ་ཕྲུག་དང་ཁོ་ཚོའི་སློབ་སྦྱོང་བྱེད་སྟངས་དེ་ཚོ་མཐོང་ནས་དགའ་བོ་བྱུང་། སློབ་ཕྲུག་ཅིག་ལ་དགོས་པའི་ཁོར་ཡུག་ཡག་པོ་བསྐྲུན་འདུག ཅེས་བརྗོད་སོང་། ལྕམ་སྐུ་ཀིམ་བྷར་ལི་ཀཊ་ཅིང་ལགས་ནི་ཨོ་སི་ཊོ་ལི་ཡའི་ངལ་རྩོལ་ཚོགས་པའི་ (Australian Labor Party) འཐུས་མི་ཞིག་ཡིན་འདུག

 ལྕམ་སྐུ་མི་ར་ཨེལ་ས་ཝོན་སོན་ (Meryl Swanson) ལགས་ཀྱིས། ངས་བོད་ཀྱི་ཤེས་ཡོན་སྲིད་ཇུས་དེ་མཐོང་ནས་ཡིད་དབང་འཕྲོག་བྱུང་། བོད་ཕྲུག་ཚོས་སྐད་ཡིག་ཁ་ཤས་ཤིགསྦྱོང་གི་འདུག་ལ། ཁོང་རྣམ་པའི་ལུས་སྟེང་གི་རྣམ་འགྱུར་དང་འཛུམ་མདངས་ལ་བལྟས་ན། མ་འོངས་པར་ཁོ་ཚོར་རེ་བ་བཟང་པོ་ཞིག་བརྒྱབ་ཆོག་པ་མཐོང་གི་འདུག བོད་པ་ཚོས་དཀའ་སྡུག་གི་ཁྲོད་ནས་རང་གི་རིག་གཞུང་ལ་བདག་སྐྱོང་ཧ་ཅང་ལེགས་པོ་གནང་འདུག ཁྱོད་ཚོའི་རིག་གཞུང་དང་མ་འོངས་པའི་སོན་རྩར་སློབ་སྦྱོང་སྤྲོད་སྟངས་དེ་ཚོ་ནི་དམིགས་དཔེར་འོས་པ་ཞིག་འདུག་ལ། འཛམ་གླིང་ཐོག་རེ་བ་བཟང་ཕྱོགས་ཀྱི་དཔེ་མཚོན་དུ་བོད་པ་ཚོ་བཞག་ན་ཆོག་པ་ཞིག་འདུག ཅེས་བརྗོད་སོང་། ལྕམ་སྐུ་མི་ར་ཨེལ་ས་ཝོན་སོན་ལགས་ཀྱང་ཨོ་སི་ཊོ་ལི་ཡའི་ངལ་རྩོལ་ཚོགས་པའི་འཐུས་མི་ཞིག་ཡིན་འདུགགསར་འགོད་པའི་དྲི་བ་དྲིས་ལན་སྐབས་སྐུ་ཞབས་ཌར་རི་ཡན་ཧིན་ཇ་ལགས་ཀྱིས། དེ་སྔོན་སྐབས་ཤིག་ལ་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་དཔལ་འབྱོར་གནོན་ཤུགས་ལ་ཞེད་སྣང་སྐྱེས་ཏེ། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་ཞུ་རྒྱུར་འཛེམས་ཟོན་བྱས་ཡོད་ཀྱང་། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་ (Obama) མཆོག་གིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་འཇིགས་ཞུམ་མེད་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་ཡོད་པར་བརྟེན། ད་ཆ་རྒྱ་ནག་གི་དཔལ་འབྱོར་གནོན་ཤུགས་ལ་བརྟེན་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མིན་ཟེར་བའི་དུས་ཚོད་དེ་མཇུག་སྒྲིལ་ཡོད་སྟབས། ཡང་ཉེ་བའི་ཆར་ཡུ་རོབ་རྒྱལ་ཁབ་མང་པོའི་ནང་རྒྱ་ནག་གཅིག་གི་ལངས་ཕྱོགས་དེར་བརྩི་བཀུར་ཞུས་ཐོག་བོད་དོན་རྒྱབ་སྐྱོར་མུ་མཐུད་གནང་བཞིན་ཡོད་པ་རེད།  ཅེས་སོགས་གསུངས་སོང་།

 མཇུག་ཏུ་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་བཞིའི་ཕྱོགས་ཕེབས་སྐོར་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཨོ་སི་ཊོ་ལི་ཡའི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་ཁོ་ལགས་ཀྱིས། ཨོ་སི་ཊོ་ལི་ཡ་ནས་བཞུགས་སྒར་དྷ་རམ་ས་ལར་གྲོས་ཚོགས་ཀྱི་སྐུ་ཚབ་འཐུས་མི་ཕེབས་པ་ད་རེས་ཐེངས་དང་པོ་ཆགས་ཀྱི་ཡོད་པ་མ་རེད། དེ་སྔོན་ཕྱི་ལོ་༢༠༡༡ དང་ ༢༠༡༣ ལོའི་ནང་དུའང་ཕེབས་ཡོད་པ་རེད། འོན་ཀྱང་ད་ལོ་དམིགས་བསལ་གྱིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ལྔའི་སྐུ་ཚབ་འཐུས་མི་གཟིགས་སྐོར་དུ་ཕེབས་རྒྱུའི་འཆར་གཞི་ཡོད་ཀྱང་། ད་ལྟ་ཨོ་སི་ཊོ་ལི་ཡའི་ནང་ཆབ་སྲིད་ཀྱི་གནས་སྟངས་ལ་དཀའ་ངལ་ཅུང་ཟད་འཕྲད་བཞིན་ཡོད་པའི་སྐབས་ཡིན་སྟབས། མཐར་ཆབ་སྲིད་ཚོགས་པ་གཉིས་ཀྱི་སྐུ་ཚབ་ཕེབས་ཐུབ་ཡོད་པ་མ་རེད། ད་ལྟ་འདིར་ཨོ་སི་ཊོ་ལི་ཡའི་གཞུང་འཛིན་བཅིངས་གྲོལ་ཚོགས་པ་དང་། དྲང་བདེན་ཚོགས་པ། ངལ་རྩོལ་ཚོགས་པ་བཅས་གསུམ་ཡོད། ཅེས་བརྗོད་སོང་།

 ཡང་ཐེངས་འདིའི་གཟིགས་སྐོར་གྱི་དགོས་དམིགས་སྐོར་ལ་ཁོང་གིས། ཁོང་ཚོ་འདིར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཡན་ལག་དང་བཅས་པའི་ནང་ཕྱག་ལས་ཇི་ལྟར་གནང་གི་ཡོད་པ་དངོས་སུ་བལྟ་བར་ཡོང་བ་རེད། དེ་ལ་བརྟེན་ནས་ཁོང་ཚོས་བོད་ཀྱི་གནས་སྟངས་ལ་རྒྱུས་ལོན་བྱེད་པར་ཕན་ཐོགས་ཡོད་པ་མ་ཟད། ཁོང་ཚོས་ཉིན་ཤས་ནང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཞོན་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་དངོས་སུ་ཐུག་འཕྲད་གནང་སྟེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྤྱི་ཡོངས་ཀྱི་གནས་སྟངས་ལ་རྒྱུས་ལོན་གནང་ཡོད་པ་དང་། ཡང་སྒོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་ཇུས་ལག་བསྟར་གནང་གི་ཡོད་ཅེས་གསུང་པ་དེ་ཁ་ནས་བཤད་བསྡད་པ་ཙམ་མིན་པར། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་དང་མཐུན་པའི་ལས་དོན་དངོས་སུ་ལག་ལེན་ཇི་ལྟར་གནང་གི་ཡོད་པ་དང་། རྒྱ་ནག་གི་ངོས་ནས་འཁྱོག་བཤད་ག་རེ་བྱེད་ཀྱི་ཡོད་པ་ངོ་འཕྲོད་པ་ཞིག་བྱུང་ཡོད་པ་རེད་ལ། ཁོང་རྣམ་པ་ཚོས་ཀྱང་འདྲ་ཆག་ཆག་བྱས་པ་ཙམ་མ་ཡིན་པར་མི་དང་མིའི་བར་གྱི་སེམས་ཚོར་དྲག་པོ་ཡོད་པའི་ཐོག་ནས་བོད་དོན་ཐད་ཐུགས་སྣང་ཧ་ཅང་ཆེན་པོ་གནང་སོང་། ཞེས་བརྗོད་སོང་།

 གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༡/༢༣

Leave a Reply

4 thoughts on “འཛམ་གླིང་ཐོག་རེ་བ་བཟང་ཕྱོགས་ཀྱི་དཔེ་མཚོན་དུ་བོད་པ་བཞག་ན་མ་ཆོག་པ་མི་འདུག

  1. ༄༅། རྗེ་བླ་མ་བཀྲིན་ཆེ། རྗེ་བླ་མ་སྐུ་ཚེ་བརྟན།
    བོད་གངས་ཅན་དབུ་འཕང་མཐོ་ན་ཡང། རྗེ་བླ་མ་མེད་ན་སྟོང་པ་རེད།
    རྗེ་བླ་མ་བསྟན་འཛིན་རྒྱ་མཚོ་ཁྱེད། བོད་གངས་ལྗོངས་མཛེས་པའི་རྒྱན་དུ་བཞུགས།

  2. མཚོ་སྒོ་ལྷག་པ་རེད། ལྷག་པ་མཚོ་སྒོ་མ་རེད། མིང་དང་རུས་གོ་མཇུག་བརྗེ་བཞིན་འདུག འདི་དུས་བབས་རྐྱང་པའི་སྐྱོན་མ་རེད། གང་ལྟར་རྗེས་ནས་མདོ་འཛིན་པ་དང་ཚོགས་འདུའི་གཙོ་སྐྱོང་བ་གསར་འགོད་པ་སོགས་ཀྱིས་བོད་པ་དག་གི་རུས་དང་མིང་མགོ་མཇུག་གོ་མི་ལྡོག་རོགས།

  3. ༸སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་ཁྱེད་ཀྱི་སྐུ་གསུང་གི་མཛད་པ་འཛམ་གླིང་ཡོངས་ལ་ཁྱབ་པ་འདི་ནི་གུས་ཅག་ཐ་ཤར་བ་དག་གི་བསོད་ནམས་རེད། དུས་ནམ་ཡང་སྐུ་ཚེ་ལ་པར་ཆད་མེད་པར་ཤོག ཐམས་ཅད་མཁྱེན་པ་སྐུ་ཚེ་བརྟན་པར་སྨོན་ཐུགས་ཀྱི་བཞེད་དགོངས་མྱུར་འགྲུབ་ཡོངས་བར་ཤོག།