གཞོན་ལྷན་གྱིས་རྒྱ་གར་རྒྱལ་ཡོངས་ནང་སྐོར་སྐྱོད་གནང་རྒྱུ་རེད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་གྲོང་དང་གྲོང་ཁྱེར་ཆེ་ཁག་ ༡༥༠ ནང་སྐོར་སྐྱོད་ཀྱིས་བོད་རང་བཙན་གྱི་གནད་དོན་དེ་རྒྱ་གར་གྱི་བདེ་འཇགས་དང་ཨེ་ཤ་ཡའི་གཏན་ལྷིང་ལ་ཐད་ཀར་འབྲེལ་བ་ཤུགས་ཆེན་ཡོད་པའི་དོན་དངོས་ཐད་གོ་རྟོགས་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ བའི་སྟེང་། བཞུགས་སྒར་དྷ་རམ་ས་ལར་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཀྱིས་རྒྱ་གར་དབུས་གཞུང་ནས་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་ཡིན་པ་དང་། ད་ལྟ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་རྒྱུ་ནི་རྒྱ་གར་གྱི་ཁེ་ཕན་དང་འབྲེལ་བ་ཡོད་པར་མ་ཟད། མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་སེལ་བའི་གནོན་ཤུགས་སྤྲོད་དགོས་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་བར་གནས་བོད་ཡུལ་མཐོ་སྒང་ནི་དམག་དཔུང་གི་རྟེན་གཞི་ཞིག་ཏུ་བསྒྱུར་ཡོད་སྟབས། ང་ཚོར་ཞི་བདེ་དང་ལྷིང་འཇགས་དགོས་ན་ངེས་པར་དུ་བོད་རང་བཙན་འཐོབ་དགོས། ཞེས་བརྗོད་འདུག

ཐེངས་འདིའི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་ནང་། ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་ཐུན་མོང་ནས་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་ནི་རང་བཙན་རྒྱལ་ཁབ་ཅིག་དང་། ད་ལྟ་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དང་གོ་རྟོགས་ཡོང་ཐབས་སུ། རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་དང་གྲོང་ཁྱེར་ཆེ་ཁག་ ༡༥༠ ནང་བོད་དོན་ལས་འགུལ་སྤེལ་རྒྱུ་དང་། དེ་ཡང་ས་ཁུལ་ཆེ་ཁག་གསུམ་ནང་སྡེ་ཚན་གསུམ་གྱི་འཆར་འགོད་བཟོས་ཏེ། ཐོག་མར་བཞུགས་སྒར་དྷ་རམ་ས་ལ་དང་ས་ལུ་གྷ་ར། ཆན་ནཱི་བཅས་ནས་མགོ་འཛུགས་རྒྱུ་དང་། བོད་དོན་ལས་འགུལ་སྤེལ་སའི་གྲོང་དང་གྲོང་ཁྱེར་ཁག་གི་དཔོན་རིགས་ཚོར་མཇལ་འཕྲད་དང་། མི་མང་གོམ་བགྲོད། གསར་འགོད་གསལ་བསྒྲགས། ཡིག་ཆ་འགྲེམས་སྤེལ། མཚན་རྟགས་བསྡུ་རུབ་སོགས་ཀྱི་ལས་འགུལ་བརྒྱུད་རྒྱ་གར་དབུས་སའི་དཔོན་རིགས་དང་མི་མང་ལ་འདས་ཟིན་པའི་བོད་ཀྱི་བྱུང་རབས་ལོ་རྒྱུས་དང་། ད་ལྟའི་དངོས་ཡོད་གནས་སྟངས། མ་འོངས་པའི་རྒྱ་གར་དང་བོད་ཀྱི་མདུན་ལམ་སོགས་འགྲེལ་བརྗོད་བྱས་ཏེ། བོད་རང་བཙན་གྱི་གནད་དོན་དེ་རྒྱ་གར་གྱི་བདེ་འཇགས་དང་ཨེ་ཤ་ཡའི་གཏན་ལྷིང་ལའང་ཐད་ཀར་འབྲེལ་བ་ཤུགས་ཆེན་པོ་ཡོད་པའི་དོན་དངོས་ཐད་ལ་གོ་རྟོགས་སྤེལ་རྒྱུ་ཡིན་སྐོར་འཁོད་འདུག

ཡང་བསྒྲགས་གཏམ་མུ་མཐུད་དུ། བོད་དང་རྒྱ་གར་ནི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་ཐོག་ནས་ཆོས་དང་རིག་གཞུང་གི་འབྲེལ་ལམ་གཏིང་ཟབ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ས་མཚམས་མུ་འབྲེལ་གྱི་ཐོག་ནས་ཆབ་དཔལ་རིག་གསུམ་གྱི་འབྲེལ་ལམ་དང་ཤུགས་རྐྱེན་ངེས་ཅན་ཡོད་པ་ཞིག་ཆགས་ཡོད། ལྷག་པར་དུ་ཁོར་ཡུག་གནས་བབ་ཀྱི་ཐོག་ནས་བོད་ནི་རྒྱ་གར་ལ་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཆགས་ཡོད། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བོད་རྒྱལ་ཁབ་བཙན་བཟུང་བྱས་པ་ནས་བཟུང་རྒྱ་དམར་གྱི་ཧམ་ཤེད་ཆེ་བའི་སྲིད་ཇུས་འོག དེ་སྔར་ཞི་བདེ་དང་ལྷིང་འཇགས་ལྡན་པའི་ཧིན་བོད་ས་མཚམས་ཁག་ཉེན་ཚབས་ཅན་གྱི་ས་ཁུལ་དང་ས་མཚམས་ཤིག་ཏུ་གྱུར་ཡོད་པར་མ་ཟད། ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱི་བར་ལ་ས་མཚམས་རྩོད་གླེང་གི་དཀའ་རྙོག་བྱུང་སྟེ། ཕྱི་ལོ་ ༡༩༦༢ ལོའི་ས་མཚམས་རྩོད་གླེང་གི་དམག་འཁྲུག་ཁྲོད་རྒྱག་གར་གྱི་དམག་མི་སྟོང་ཕྲག་ལྷག་གི་ཚེ་སྲོག་ཤོར་བ་དང་། ཉེ་འཆར་བྱུང་བའི་འབྲོག་ལམ་མཐའ་ཁུལ་རྩོད་གླེང་གི་དོན་རྐྱེན་དེས་བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཤུགས་ཆེན་ཡོད་པ་ར་སྤྲོད་དང་། རྒྱ་དམར་གྱི་དབང་སྒྱུར་སྟོབས་ཤུགས་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློའི་གདོང་རིས་མངོན་གསལ་དུ་བཏོན་པ། རྒྱ་གར་ལ་འཇིགས་སྐུལ་སྤེལ་བའི་གཡོ་སྒྱུ་ཡི་བྱ་སྤྱོད་ཅིག་ཆགས་ཡོད་ལ། གཞན་ཡང་། རྒྱ་ནག་གིས་མཐུན་ཕྱོགས་རྒྱལ་ཁབ་དང་ཚོགས་པ་ཁག་དང་མཉམ་འབྲེལ་གྱིས་རྒྱ་གར་དང་རྒྱལ་སྤྱིའི་འབྲེལ་ལམ་ལ་དོ་ཕོག་བཟོ་བའི་ངན་ཇུས་འོག རྒྱ་གར་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་དང་རྒྱལ་སྤྱིའི་རྡུལ་མཚོན་མཁོ་སྤྲོད་ལྷན་ཚོགས་ (NSG) ནང་ཞུགས་པར་འགོག་རྐྱེན་བཟོ་བཞིན་ཡོད། དེ་བཞིན་རྒྱ་ནག་གིས་རྒྱ་གར་གཙོས་པའི་ཨེ་ཤ་ཡའི་མི་མང་དུང་ཕྱུར་མང་པོའི་འཚོ་རྟེན་གཙོ་བོར་གྱུར་བའི་བོད་ཀྱི་གཙང་པོ་ཁ་བསྒྱུར་དང་ཆུ་རགས་རྒྱག་པ། བོད་ཀྱི་ཤིང་ནགས་གཅོད་འབྲེག་གིས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་གཏོང་བ། རྒྱ་གར་དང་ཨེ་ཤ་ཡའི་གནམ་གཤིས་དང་ཁོར་ཡུག་ལ་གནོད་གཞིའི་ལས་མང་པོ་ཞིག་སྤེལ་བཞིན་ཡོད་སྐོར་འཁོད་འདུག

མཇུག་ཏུ་རྒྱ་གར་གཞུང་མང་ལ་འབོད་སྐུལ་དོན་ཚན་གསུམ་ཞུས་པའི་ནང་། དང་པོ། རྒྱ་གར་དམངས་ཀྱིས་གྲོས་ཚོགས་འཐུས་མིར་བོད་ཀྱི་གནད་དོན་གྲོས་ཚོགས་ནང་གླེང་སློང་གནང་རྒྱུར་ཤུགས་སྣོན་རྒྱག་རོགས། གཉིས་པ། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱར་ཞིབ་ཀྱིས་བོད་དེ་འདས་པའི་ལོ་རྒྱུས་ནང་རང་བཙན་རྒྱལ་ཁབ་ཅིག་དང་ད་ལྟ་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གྱིས་རྒྱབ་སྐྱོར་གནང་རོགས། གསུམ་པ། ཧིན་བོད་མི་དམངས་ནས་རྒྱ་དམར་གྱི་ཅ་དངོས་ཉོ་འཚོང་སྤྱོད་གསུམ་བྱ་རྒྱུ་མཚམས་འཇོགས་གནང་རོགས། ཅེས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༡༡/༣༠

Leave a Reply

One thought on “གཞོན་ལྷན་གྱིས་རྒྱ་གར་རྒྱལ་ཡོངས་ནང་སྐོར་སྐྱོད་གནང་རྒྱུ་རེད།