ཞི་བདེ་ཡི་ནུས་པ་དང་ཞི་བདེ་ཡི་མོས་པ་སྐྲུན་ཐུབ་ཀྱི་ཡོད།

སྐུ་ཞབས་ལཀ་ཤི་མི་ཌས་ལགས་ཀྱིས་དེང་སྐབས་འགྲོ་བ་མིའི་རིགས་དང་འཛམ་གླིང་སྲུང་སྐྱོབ་བྱེད་མཁན་ཞིག་ཡོད་ན་དེ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་ཁོ་ན་རེད་བསམ་གྱི་འདུག་ཅེས་གསུངས་སོང་།
 དེ་རིང་སྔ་དྲོའི་ཆུ་ཚོད་༩།༤༠ སྟེང་བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་ཀྱི་ཧི་མ་ཅལ་མངའ་སྡེ་གཞུང་གི་གཙུག་ལག་སློབ་གཉེར་ཁང་ (Central University of Himachal Pradesh) གི་ཚོགས་ཁང་དུ། ཧི་མ་ཅལ་མངའ་སྡེ་གཞུང་གི་གཙུག་ལག་སློབ་གཉེར་ཁང་དང་རྒྱལ་ས་ལྡི་ལིར་ཡོད་པའི་གྷན་དྷི་ཨེས་མྲི་ཏི་ (Gandhi Smriti) ཚོགས་པ་གཉིས་ཐུན་མོང་གི་གོ་སྒྲིག་འོག སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གྷན་དྷིའི་ལྟ་གྲུབ་སྐོར་གྱི་ཉིན་གསུམ་བགྲོ་གླེང་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག གཙུག་ལག་སློབ་གཉེར་ཁང་དེའི་ཉེ་བའི་རིགས་བདག་སྐུ་ཞབས་ཀུལ་དིབ་ཅན་ཌ(Prof. Kuldeep Chand Agnihotri)དང་། གྷན་དྷིའི་ཨེས་མྲི་ཏི་ཚོགས་པའི་རྒྱུན་ལས་སྐུ་ཞབས་ཝེ་ཌ་བྷ་ཡས་ཀུན་ཌུ་ (Dr. Vedabyas Kundu)། ལཀ་ཤི་མི་ཌས(Dr. Laxmi Dass)། དེ་བཞིན་གཙུག་ལག་སློབ་གཉེར་ཁང་དེའི་དགེ་སློབ་དང་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག་གི་སློབ་མ་བཅས་འཛོམས་འདུག
 
མཛད་སྒོའི་ཐོག་མར་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མར་མེ་ཞལ་ཕྱེས་གནང་བ་དང་འབྲེལ། མཱ་ན་ལི་(Manali)སློབ་གྲྭ་ཞིག་གི་སློབ་མ་བཞི་ཡིས་ཧིན་རྡུའི་ཆོས་ལུགས་ཀྱི་བསྟོད་གླུ་དང་ནང་པའི་སྐྱབས་འགྲོ་ལེགས་སྦྱར་སྐད་དུ་བཏོན་པ་དང་། དེའི་རྗེས་༧གོང་ས་མཆོག་གིས་གྷན་དྷིའི་ལྟ་གྲུབ་དང་སྐུ་ཚེའི་སྐོར་ཀྱི་དཔེ་དེབ་གསར་པ་འགའ་དབུ་འབྱེད་གནང་སོང་།
 
གྷན་དྷིའི་ཨེས་མྲི་ཏི་ཚོགས་པའི་སྐུ་ཞབས་ཝེ་ཌ་བྷ་ཡས་ཀྱིས་ཕེབས་བསུའི་གཏམ་བཤད་གནང་སྐབས། ང་ཚོས་ཉིན་གསུམ་རིང་སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་མོ་གྷན་དྷིའི་ལྟ་གྲུབ་སྐོར་ལ་བགྲོ་གླེང་དང་། ལྟ་གྲུབ་དེ་དག་ཉིན་རེའི་འཚོ་བའི་ཁྲོད་ལག་བསྟར་བྱས་ཏེ་འཛམ་གླིང་སྒང་འདིར་ཞི་བདེ་ལྷིང་འཇགས་ཡོང་ཆེད་ག་རེ་བྱེད་དགོས་མིན་ཐད་གོ་བསྡུར་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།
 
སྐུ་ཞབས་ཀུལ་དིབ་ཅན་ཌ་ལགས་ཀྱིས་བརྗོད་དོན། ང་ཚོ་ཚང་མས་ཆོས་ཞེས་པ་དེ་ག་རེ་ཡིན་པ་ཤེས་ཀྱི་ཡོད་ཀྱང་། ང་ཚོའི་སེམས་ཀྱིས་ཆོས་ཚུལ་བཞིན་དུ་ལག་བསྟར་བྱེད་པར་འདོད་ཀྱི་མེད། དེ་བཞིན་ང་ཚོས་ཆོས་མིན་གྱི་ལས་ག་རེ་ཡིན་པའང་ཤེས་ཀྱི་ཡོད། འོན་ཀྱང་ང་ཚོའི་སེམས་ཀྱིས་ཚུལ་མིན་གྱི་ལས་ལ་རང་བཞིན་གྱིས་འཇུག་གི་ཡོད། གལ་སྲིད་ང་ཚོས་ཆོས་ཚུལ་བཞིན་དུ་ལག་བསྟར་བྱས་ན་འཛམ་གླིང་སྒང་འདིར་ཞི་བདེ་ལྷིང་འཇགས་ཡོང་གི་རེད། དེར་བརྟེན་སྟོན་པ་བཅོམ་ལྡན་འདས་དང་གྷན་དྷི་མཆོག་གིས་རྒྱུན་དུ་ཆོས་བྱེད་དགོས་ཞེས་གསུངས་པ་རེད། ཅེས་ཟེར།
 
སྐུ་ཞབས་ལཀ་ཤི་མི་ཌས་ལགས་ཀྱིས། དེང་སྐབས་རྒྱལ་ཁབ་མང་པོ་ཞིག་གིས་འགྲོ་བ་མིའི་རིགས་སྲུང་སྐྱོབ་ལ་ཁ་གཡར་ནས་མཚོན་ཆ་མང་པོ་བཟོ་སྐྲུན་བྱེད་བཞིན་འདུག འོན་ཀྱང་བསམ་བློ་ལེགས་པོར་བཏང་ན། མཚོན་ཆས་མིའི་རིགས་ལ་སྲུང་སྐྱོབ་ལས་ཉེན་ཁ་ཆེ་རུ་གཏོང་གི་ཡོད། དེར་བརྟེན་ང་ཚོས་མཚོན་ཆའི་དཀའ་རྙོག་མ་སེལ་བར་དུ་མིའི་རིགས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མ་རེད་བསམ་གྱི་འདུག མཚོན་ཆ་བཟོ་སྐྲུན་བྱེད་བཞིན་པ་དེ་ལ་བསམ་བློ་བཏང་ན། དེའི་དམིགས་ཡུལ་གཙོ་བོ་ཚོང་དང་སོ་སོའི་སྲིད་དབང་སྲ་བརྟན་དུ་གཏང་འདོད་པ་ཞིག་ཡིན་པ་ལས་སྤྱི་སེམས་ཤིག་མ་རེད། རང་གི་ཁེ་བཟང་གི་ཆེད་དུ་གོ་མཚོན་དེ་དག་བཟོས་ནས་འཛམ་གླིང་གི་མི་སྡེ་ཡོངས་ལ་ཉེན་ཁ་བཟོ་ཡི་ཡོད་པ་རེད། ད་ལྟ་ང་ཚོའི་འཇིག་རྟེན་དུ་སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གྷན་དྷི་བཞུགས་ཡོད་པ་མ་རེད། དེང་སྐབས་འགྲོ་བ་མིའི་རིགས་དང་འཛམ་གླིང་སྲུང་སྐྱོབ་བྱེད་མཁན་ཞིག་ཡོད་ན། དེ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་ཁོ་ན་རེད་བསམ་གྱི་འདུག ༧ཁོང་གིས་ཞི་བདེ་ཡི་ནུས་པ་དང་ཞི་བདེ་ཡི་མོས་པ་སྐྲུན་ཐུབ་ཀྱི་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ད་ལྟའི་བར་འཛམ་གླིང་ཞི་བདེ་ཆེད་དུ་སྐུ་ལས་བསྐྱོན་པ་རེད། གལ་ཏེ་འཛམ་གླིང་གི་མི་ཚང་མས་ཁོང་གི་ལམ་སྟོན་འོག་ཤར་སྐྱོད་བྱས་ན། དེ་རིང་འཛམ་གླིང་འདི་བདེ་སྐྱིད་དང་ལྷིང་འཇགས་ལྡན་པ་ཞིག་མ་འགྱུར་ཡང་། ཉིན་ཞིག་ཏན་ཏན་ཆགས་རྒྱུ་ཡིན་པར་ང་ལ་ཡིད་ཆེས་ཡོད། དེར་བརྟེན་དེ་རིང་ནས་མགོ་བཙུགས་ཏེ་ཚང་མ་མཉམ་རུབ་ཐོག་སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གྷན་དྷི། དེ་བཞིན་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ལམ་སྟོན་ཇི་ལྟར་གནང་བ་དེ་ལྟར་ལག་ལེན་བསྟར་ཐབས་སུ་འབད་བརྩོན་བྱེད་དགོས། ཞེས་བརྗོད་སོང་།
 
༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས། དེ་རིང་ཚོགས་འདུ་འདིར་ཆེད་དུ་ཕེབས་པའི་ཚོགས་བཅར་བ་རྣམས་ནི་བདག་ཉིད་ཆེན་པོ་གྷན་དྷིའི་ལྟ་གྲུབ་ཤེས་པ་ཙམ་མིན་པར། ཉིན་རེའི་འཚོ་བའི་ཁྲོད་དངོས་སུ་ལག་བསྟར་གནང་མཁན་དེ་འདྲ་རེད་ལ། ༧གོང་ས་མཆོག་ལ་ཆ་བཞག་ན། དུས་རབས་༢༠ དང་༢༡ པའི་དབུ་འཁྲིད་འཚེ་མེད་ཞི་བའི་ལམ་ལ་དངོས་སུ་འཇུག་མཁན་གཅིག་པུ་དེ་ཆགས་ཡོད། དེར་བརྟེན་དེ་རིང་གི་ཉིན་མོ་འདི་གལ་ཆེན་པོ་ཞིག་ཆགས་ཡོད་ལ། ཚོགས་འདུའི་སྐབས་ཀྱི་བགྲོ་གླེང་འདིས་བཟང་ཕྱོགས་ཀྱི་ནུས་པ་དང་འགྱུར་བ་ཞིག་ཡོང་གི་རེད་བསམ་གྱི་འདུག ཅེས་དང་། ཡང་ཁོང་གིས། ཕྱི་ལོ་༡༩༥༩ ནས་མགོ་བཙུགས་ཏེ་བོད་པ་ཚོ་བོད་ཀྱི་རྩ་དོན་འཐབ་རྩོད་ཁྲོད་འཚེ་མེད་ཞི་བའི་ལམ་ཁོ་ནར་ཕྱིན་པ་མ་ཡིན་པར། དྲག་པོའི་ལམ་ལ་འགྲོ་མཁན་ཡང་བྱུང་ཡོད་པ་རེད་དེ། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དང་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། བོད་མི་ས་ཡ་དྲུག་གི་བོད་ཀྱི་རྩ་དོན་འཐབ་རྩོད་དེ་འཚེ་མེད་ཞི་བའི་ལམ་དུ་ཕྱིན་པ་རེད། དེར་བརྟེན་འཛམ་གླིང་སྟེང་ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་བོད་ཀྱི་རྩ་དོན་འཐབ་རྩོད་ཆེད་དྲག་པོའི་ལམ་ལ་ཞུགས་པའི་གནས་ཚུལ་དེ་འདྲ་གོ་རྒྱུ་ཡོད་པ་མ་རེད། ༧གོང་ས་མཆོག་གི་དགོངས་གཞི་ཆེན་པོ་གསུམ་ནི། འཛམ་གླིང་སྒང་འདིར་ཞི་བདེ་ལ་དགའ་མཁན་ཚོའི་སེམས་ཤུགས་འཕར་གཞི་ཞིག་ཆགས་ཡོད། དེའི་ནང་ཆོས་ལུགས་ལ་མ་བརྟེན་པར་འཇིག་རྟེན་ཀུན་ཁྱབ་བཟང་སྤྱོད་སྐོར་ཡང་ཡོད་པ་རེད། དེས་འཛམ་གླིང་ནང་ཇི་ལྟར་ཞི་བདེ་སྐྲུན་ཐབས་དང་སྡུག་བསྔལ་སེལ་ཐབས་སྐོར་ལམ་སྟོན་གནང་ཡོད་སྟབས། དེ་ནི་བདེ་སྐྱིད་ཀྱི་ལྟ་གྲུབ་དང་བསྟན་བཅོས་ལྟ་བུ་ཆགས་ཀྱི་ཡོད་པ་རེད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ལ་དེང་སྐབས་དོ་སྣང་བྱེད་མཁན་མང་དུ་འགྲོ་ཡི་ཡོད་པ་དང་། དེའི་སྐོར་ཤེས་ཡོན་གྱི་སྡེ་མང་པོ་ཞིག་གི་ནང་སློབ་འཁྲིད་གནང་རྒྱུར་འབད་བརྩོན་བྱེད་ཡོད་སྟབས། དེ་ལ་བརྟེན་ནས་མ་འོངས་པར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ཅེས་སོགས་གསུངས་སོང་།
ཡ་༧གོང་ས་རྒྱལ་བ་རིན་པོ་མཆོག་གིས། གལ་ཏེ་ང་ཚོར་སྟོན་པ་བཅོམ་ལྡན་འདས་དང་། སྟོན་པ་ཡི་ཤུ། དེ་བཞིན་ཁ་ཆེའི་སྟོན་པར་མཇལ་བ་ཡིན་ན། ང་ཚོས་ཁོང་རྣམས་ལ་འཇིག་རྟེན་གྱི་དཀའ་རྙོག་སེལ་ནས་ཞི་བདེ་ལྷིང་འཇགས་ཤིག་བསྐྲུན་རོགས་གནང་ཞུས་ན། ཁོང་རྣམ་པས་ཕལ་ཆེར་འཇིག་རྟེན་གྱི་རྙོག་དྲ་དེ་སུས་བསྐྲུན་པ་རེད་དམ་ཞེས་ཚུར་ལ་ལྗགས་ལན་གནང་གི་རེད། འཛམ་གླིང་སྒང་གི་རྙོག་དྲ་དེ་ང་ཚོ་མིས་བཟོས་པ་ཞིག་ཡིན་སྟབས། དཀའ་ངལ་དེ་དག་སེལ་བའི་འགན་ཚང་མ་ང་ཚོར་ཡོད་པ་ཞིག་རེད། སྨོན་ལམ་བརྒྱབས་པ་ཙམ་གྱིས་དཀའ་ངལ་མེད་པ་ཆགས་ཀྱི་མ་རེད། ང་ཚོས་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་སྨོན་ལམ་བརྒྱབས་བསྡད་པ་རེད། གལ་ཏེ་སྨོན་ལམ་བརྒྱབས་པ་ཙམ་གྱིས་འགྲིག་གི་ཡོད་ན། ཕལ་ཆེར་དཀའ་ངལ་རྣམས་སྔོན་མ་ནས་སེལ་ཡོད་ཀྱི་རེད།
 
དེ་རིང་ནས་བརྩི་བའི་ལོ་ངོ་བཅུའམ་བཅོ་ལྔའི་རྗེས་སུ་ང་ཚོ་མི་རྒན་པ་རྣམས་འཛམ་གླིང་འདིར་ཡོད་པ་མ་རེད། དེར་བརྟེན་མ་འོངས་པར་འཛམ་གླིང་འདི་ད་ལྟའི་གནས་སྟངས་དང་མི་འདྲ་བར་ཞི་བདེ་ལྷིང་འཇགས་ལྡན་པ་ཞིག་མཐོང་བར་འདོད་ན། དུས་རབས་༢༡ པའི་ན་གཞོན་ཁྱོད་ཚོར་འགན་དང་འགྱུར་བ་གཏོང་བའི་གོ་སྐབས་ཡོད་པ་རེད། དེ་ནི་སྨོན་ལམ་བརྒྱབས་ནས་ཡོང་གི་མ་རེད། ཁྱོད་ཚོས་དངོས་སུ་ཞི་བདེ་ལྷིང་འཇགས་ཡོང་བར་འབད་བརྩོན་བྱེད་དགོས། འབད་བརྩོན་བྱེད་པར་ཐོག་མར་རང་གི་ལུས་སེམས་ཞི་བ་ཡོང་དགོས། ཁོང་ཁྲོ་དང་གནོད་སེམས། བརྣག་སེམས། འགྲན་སེམས་ཀྱི་ཐོག་ནས་འགྱུར་བ་དང་ཞི་བདེ་ནམ་ཡང་བསྐྲུན་ཐུབ་ཀྱི་མ་རེད། ཆོས་ཁས་ལེན་དང་མི་ལེན་གང་ལྟར་ཡང་ནང་སེམས་ལ་ཞི་བ་ཡོང་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་སོང་།
 
ཡང་མགོན་པོ་གང་ཉིད་མཆོག་གིས། དུས་རབས་གསར་པའི་རྒྱ་གར་བ་ཚོས་དེང་སྐབས་ཀྱི་འཕྲུལ་ཆས་རིག་པར་ཤུགས་ཆེན་པོ་རྒྱག་གི་འདུག དེ་ཡག་པོ་རེད། འོན་ཀྱང་རྒྱ་གར་རང་གི་གནའ་བོའི་ཤེས་ཡོན་ལ་དོ་སྣང་དེ་ཙམ་སྤྲོད་ཀྱི་མི་འདུག སྟབས་ལེགས་པ་རེད་ཟེར་དགོས་པ་རེད་དམ། ཡང་ན་མ་ལེགས་པ་རེད་ཟེར་དགོས་མིན་མི་ཤེས། གང་ལྟར་ང་ཚོ་བོད་པ་ཚོས་རྒྱ་གར་གྱི་སློབ་ཕྲུག་བྱས་ཏེ་གནའ་བོའི་ཤེས་རིག་ལེགས་པོར་ཉར་ཚགས་བྱེད་ཀྱི་ཡོད། ངོས་ཀྱིས་སྟབས་མ་ལེགས་པ་རེད་ཟེར་དོན་ནི། དགེ་རྒན་གྱིས་བསླབས་གནང་བའི་ཤེས་ཡོན་དེ་བོད་པས་ལེགས་པར་ཉར་ཚགས་བྱས་ཏེ། རྒྱ་གར་གྱི་གནའ་བོའི་ཤེས་རིག་གི་ཤེས་ཚད་ནི་དགེ་རྒན་ལས་སློབ་ཕྲུག་ལ་མཐོ་བ་ཡོད་པ་རེད།
 
བདག་ཉིད་ཆེན་པོ་གྷན་དྷི་དང་སྟོན་པ་བཅོམ་ལྡན་འདས་ལ་བསྟོད་བསྔགས་བྱེད་སྐབས། ང་ཚོས་ལོ་ངོ་སྟོང་ཕྲག་ལྷག་ཕྱིན་པའི་རྒྱ་གར་གྱི་གནའ་བོའི་ཤེས་རིག་དེ་དྲན་གསོ་དགོས་པ་རེད། རྒྱ་གར་གྱི་གནའ་བོའི་ཤེས་རིག་གིས་མི་བཟང་པོ་གསོ་སྐྱོང་བྱེད་ཐུབ་ཀྱི་འདུག དེར་བརྟེན་རྒྱ་གར་བ་ཚོས་འབད་བརྩོན་བྱས་ཏེ་བདག་ཉིད་ཆེན་པོ་གྷན་དྷི་དང་སྟོན་པ་བཅོན་ལྡན་འདས་ལྟ་བུའི་སྐྱེས་ཆེན་དམ་པ་མང་དུ་སྐྱེད་སྲིང་བྱེད་དགོས་པ་རེད། གནའ་བོའི་རྒྱ་གར་གྱི་ཤེས་རིག་དེས་སྔོན་མར་སྐྱེས་ཆེན་དམ་པ་སྐྱེད་སྲིང་བྱས་ཐུབ་ཡོད་པ་དང་། ད་ལྟ་མི་ཐུབ་པ་གང་ཡང་ཡོད་མ་རེད། སྔ་མོར་རྒྱ་གར་དབྱིན་ཇིའི་མངའ་འོག་ཏུ་ཡོད་སྐབས་དབྱིན་ཇིའི་འཕྲུལ་ཆས་རིག་པའི་ཡར་ཐོན་མཐོང་སྟེ། རྒྱ་གར་གྱི་གནའ་བོའི་ཤེས་རིག་ལ་མཐོང་ཆུང་གི་ལྟ་སྟངས་ཤིག་ཆགས་ཡོད་པ་འདྲ་བོ་འདུག དེར་བརྟེན་དེང་དུས་ཀྱི་རྒྱ་གར་བས་གདེང་ཚོད་དང་སྤོབས་པའི་ཐོག་ནས་གནའ་བོའི་ཤེས་རིག་ལ་སྦྱང་བརྩོན་བྱེད་དགོས། གང་ཡིན་ཟེར་ན། སེམས་ཀྱི་སྐོར་ལ་འགྲེལ་བཤད་རྒྱག་དགོས་ན་གནའ་བོའི་རྒྱ་གར་གྱི་ཤེས་རིག་ལས་ལྷག་པ་ཞིག་ད་ལྟ་འཛམ་གླིང་སྒང་འདིའི་ཤེས་རིག་གཞན་གྱི་ནང་ཡོད་པ་མ་རེད། ཅེས་གསུངས་སོང་།
གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༢/༠༢

Leave a Reply

One thought on “ཞི་བདེ་ཡི་ནུས་པ་དང་ཞི་བདེ་ཡི་མོས་པ་སྐྲུན་ཐུབ་ཀྱི་ཡོད།