གྲོང་ཁྱེར་གྱི་བདག་དབང་ཆེད་ཟིང་འཁྲུག་བྱུང་།

ཁ་ཆེ་དང་ཡེ་ཤུ་ཆོགས་ལུགས་སོགས་ཀྱི་གནས་ཆེན་ཇེ་རོ་སཱ་ལམ་གྱི་བདག་དབང་ཆེད་ཨི་ཛི་རལ་དང་པ་ལི་སི་ཐན་བར་འཁྲུག་འཛིང་ཤོར་ཏེ་མི་མང་པོར་ཤི་རྨས་འབྱུང་བཞིན་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་ཨ་རིའི་སྲིད་འཛིན་ཊོམ་ཕུས་གྲོང་ཁྱེར་ཇེ་རོ་སཱ་ལམ་ཨི་ཛི་རལ་གྱི་རྒྱལ་ས་ཡིན་སྐོར་བསྒྲགས་པ་ནས་གྲོང་ཁྱེར་དེའི་བདག་དབང་རྩོད་རྙོག་སྔར་ལས་ཤུགས་ཆེ་རུ་ཕྱིན་ཏེ་ངོ་རྒོལ་ཟིང་འཁྲུག་རིམ་པར་འབྱུང་བཞིན་འདུག  ཁ་སང་པ་ལི་སི་རྒྱལ་ཁབ་ཀྱི་ཤར་ཕྱོགས་སུ་ཡོད་པའི་རང་སྐྱོང་ཁུལ་ (Gaza) ཞེས་པའི་མཐའ་མཚམས་སུ། ཨི་ཛི་རལ་ (Israel) དང་པ་ལི་སི་ཐན་ (Palestin) གཉིས་ཀྱི་དམག་མིའི་བར་འཁྲུག་འཛིང་ཤོར་ཏེ། པ་ལི་སི་ཐན་གྱི་དམག་མི་ ༣ བསད་ཡོད་པ་དང་། ཕྱོགས་གཉིས་ཀྱི་དམག་མི་ ༡༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

ཡང་གྷ་ཛའི་ཁ་ཆེའི་ཆོས་ལུགས་རྗེས་འབྲང་བ་དང་པ་ལི་སི་ཐན་གྱི་མི་ཚོས་ཨི་ཛི་རལ་རྒྱལ་ཁབ་ལ་ངོ་རྒོལ་མཚོན་ཆེད། ཁ་སང་མི་མང་ཁྲོམ་གཞུང་དུ་ཐོན་སྟེ་རླངས་འཁོར་གྱི་འཁོར་ལོ་མེར་བསྲེགས་པ་དང་། ངོ་རྒོལ་བྱེད་ཡུལ་དུ་ཡོད་པའི་སྒེར་གྱི་རླངས་འཁོར་ཁག་ཅིག་མེར་བསྲེགས་པ་སོགས་ཀྱི་གཏོར་རྒོལ་བཏང་ཡོད་པ་མ་ཟད།  ཨི་ཛི་རལ་གྱི་དམག་མིར་རྡོ་དང་དབྱུག་པས་གཞུས་ཡོད་པ་དང་། དམག་མི་ཚོས་ངོ་རྒོལ་བའི་སྟེང་དུ་མིག་ཆུ་ཤོར་བའི་དུག་རླངས་ (Tear Gas) གཏོར་བ་དང་གང་བྱུང་གཅར་རྡུང་བཏང་ཡོད་འདུག དེ་བཞིན་ཇེ་རོ་སི་ལམ་གྱི་ཝེས་བེང་ཀི་ (West Bank) ཞེས་པའི་ས་གནས་སུ། པ་ལི་སི་ཐན་གྱི་མི་ཞིག་གིས་ཨི་ཛི་རལ་གྱི་ཉེན་རྟོག་པ་ཞིག་ལ་གྲིས་བརྒྱབས་ཏེ་རྨས་སྐྱོན་བཟོས་ཡོད་པ་དང་། མི་དེར་ཨི་ཛི་རལ་གྱི་ཉེན་རྟོག་པས་མེ་མདའ་བརྒྱབས་ཏེ་བསད་ཡོད་འདུག

གཞན་ཡང་། པ་ལི་སི་ཐན་གྱི་མི་ཚོས་ཨི་ཛི་རལ་གྱི་དམག་མིས་གྷ་ཛ་ལུང་པའི་བྱང་ཤར་ཕྱོགས་ཀྱི་པ་ལི་སི་ཐན་གྱི་མི་མང་པོ་བསད་སོང་ཞེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། ཨི་ཛི་རལ་གྱི་ཉེན་རྟོག་པས་གནད་དོན་དེའི་ཐད་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།

ལོ་ངོ་སྟོང་ཕྲག་རིང་རྩོད་རྙོག་མཚམས་ཆད་མ་མྱོང་བའི་གནས་ཆེན་ཇེ་རོ་སི་ལམ་གྱི་གནད་དོན་དེར་ཨ་རིའི་སྲིད་འཛིན་ཊོམ་ཕུས་དོན་མེད་ཇུས་གཏོགས་བྱས་པའི་རྐྱེན་གྱིས། བར་སྐབས་ཞི་འཇགས་སུ་ཕྱིན་པའི་ཟིང་འཁྲུག་གི་མེ་རོ་དེ་སླར་ཡང་བསླངས་སོང་ཞེས་རྒྱལ་སྤྱིའི་ཐོག་ནས་ཊོམ་ཕུར་སྐྱོན་བརྗོད་བྱེད་ཀྱི་འདུག

ཨི་ཛི་རལ་གྱིས་གནས་ཆེན་ཇེ་རོ་སི་ལམ་གྲོང་ཁྱེར་ཡོངས་རྫོགས་ཁ་བྲལ་ཐབས་མེད་པའི་ཁོ་རང་ཚོའི་རྒྱལ་ས་ཡིན་སྐོར་རྗོད་ཀྱི་ཡོད་པ་དང་། པ་ལི་སི་ཐན་གྱིས་ད་ལྟ་ཨི་ཛི་རལ་མངའ་འོག་ཏུ་ཡོད་པའི་ཇེ་རོ་སི་ལམ་གྱི་ཤར་ཕྱོགས་ཁུལ་ནི་ཕྱི་ལོ་༡༩༦༧ ལོར་ཨི་ཛི་རལ་གྱིས་བཙན་བཟུང་བྱས་པ་ཞིག་ཡིན་ལ། མ་འོངས་པར་དེ་ནི་པ་ལི་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན། ཞེས་རྗོད་ཀྱི་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༦ ཉིན་སྲིད་འཛིན་ཊོམ་ཕུས་གནས་ཆེན་ཇེ་རོ་སི་ལམ་ནི་ཨི་ཛི་རལ་གྱི་རྒྱལ་ས་ཡིན་སྐོར་བསྒྲགས་རྗེས། ཨི་ཛི་རལ་གཞུང་མང་གཉིས་ནས་དགའ་འབོད་བྱས་ཡོད་ཀྱང་། ཉི་མ་དེ་ནས་བཟུང་ཨ་རབ་དང་ཁ་ཆེའི་ཆོས་ལུགས་ཤུགས་ཆེན་དར་བའི་རྒྱལ་ཁབ་ཁག་གིས་ཊོམ་ཕུར་སྐྱོན་བརྗོད་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༢/༡༦

Leave a Reply

One thought on “གྲོང་ཁྱེར་གྱི་བདག་དབང་ཆེད་ཟིང་འཁྲུག་བྱུང་།

  1. བདེ་དབྱངས་རྡོ་རྗེ།

    ཨི་ཟིརལི་དེ་འདྲའི་འཁྲེགས་པོ་ཞིག་མེད་པ་ཡིན་ན།དཀྱིལ་ཤར་ཡུལ་གྲུབ་ཏུ་གནས་ག་ལ་ཐུབ།