མྱོས་རྫས་ནག་ཚོང་གི་དོཊ་ཡོད་མི་སྣ་ ༡༦༠༠༠ འཛིན་བཟུང་བྱས།

ཕྱི་ལོ་ ༢༠༡༧ ལོ་གཅིག་པུར་རྒྱ་ནག་ཀང་ཏུང་ཞིང་ཆེན་ནང་མྱོས་རྫས་སྤྱོད་མཁན་ ༡༠༤༠༠༠ ལྷག་འཛིན་བཟུང་བྱས་ཏེ་མྱོས་རྫས་ལྗིད་ཚད་ཊིན་ ༡༠.༤ ལྷག་ལག་སོན་བྱུང་ཡོད་ཟེར།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ལྷོ་རྒྱུད་ཀང་ཏུང་ཞིང་ཆེན་ལོ་ཧྥོང་གྲོང་ཁྱེར་མི་མང་ཁྲིམས་ཁང་དང་ཧྲན་ཝེ་འབྲིང་རིམ་མི་མང་ཁྲིམས་ཁང་གཉིས་མཉམ་འབྲེལ་གྱིས། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་ཀང་ཏུང་ཞིང་ཆེན་གྱི་ལོ་ཧྥིང་ (Lufeng) གྲོང་ཁྱེར་ཏུང་ཧེ་རྩེད་ཐང་དུ། སྲོག་ཁྲིམས་གཅོད་པའི་ཡོངས་བསྒྲགས་ཚོགས་ཆེན་ཟེར་བ་བསྡུས་ཏེ། མི་མང་སྟོང་ཕྲག་ཁ་ཤས་ཀྱི་མདུན་དུ་མྱོས་རྫས་ནག་ཚོང་དང་མི་བསད་ཇག་རྒྱག་གི་ཉེས་མིང་འོག་མི་ ༡༠ ལ་སྲོག་ཁྲིམས་བཅད་ཡོད་འདུག

ཁྲིམས་ཁང་གཉིས་ནས་སྲོག་ཁྲིམས་བཅད་པའི་མི་ ༡༠ ཡི་ནང་ནས་བདུན་གྱིས་མྱོས་རྫས་ནག་ཚོང་བྱས་པ་དང་། གཞན་གསུམ་གྱིས་མི་བསད་པ་དང་ཇག་བརྒྱབས་ཡོད་སྟབས། མི་མང་གི་མདུན་དུ་ཁོ་ཚོར་སྲོག་ཁྲིམས་བཅད་པ་དེས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཚོར་གཟབ་གཟབ་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག ཡིན་ནའང་། རྒྱ་ནག་གཙོས་པའི་རྒྱལ་སྤྱིའི་ཐོག་ནས་ཀང་ཏུང་ཁྲིམས་ཁང་གི་བྱ་སྤྱོད་དེ་ནི་མི་སྤྱོད་ལས་བརྒལ་ཞིང་། མིའི་ཚེ་སྲོག་དང་རིན་ཐང་ལ་རྡོག་རོལ་བཏང་བ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ལོ་ཧྥོང་གྲོང་ཁྱེར་མི་མང་ཁྲིམས་ཁང་གིས་བརྡ་ཁྱབ་ཅིག་སྤེལ་བའི་ནང་། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ ཐོག ཧྲན་ཝེ་གྲོང་ཁྱེར་འབྲིང་མི་མང་ཁྲིམས་ཁང་དང་ལོ་ཧྥོང་གྲོང་ཁྱེར་མི་མང་ཁྲིམས་ཁང་མཉམ་འབྲེལ་ཐོག ལོ་ཧྥོང་གྲོང་ཁྱེར་ཏུང་ཧེ་ཁུལ་གྱི་རྩེད་ཐང་དུ་ཁྲིམས་གཅོད་ཚོགས་ཆེན་བསྡུས་ཏེ། ཉེས་ཅན་ ༡༢ ལ་ཡོངས་ཁྱབ་ཐོག་ཁྲིམས་ཐག་གཅོད་རྒྱུ་ཡིན་པས། སྐབས་དེར་མི་མང་ཡུལ་དངོས་སུ་ཡོང་ནས་ལྟ་ཉན་བྱེད་ཆོག ཅེས་བསྒྲགས་འདུག

ཉིན་རེའི་བརྡ་འཕྲིན་ (The Dailymail) གསར་ཁང་ལ་རྒྱ་ནག་གི་ཤེས་ཡོན་པ་ཤིན་བྷིན་ (Shen Bin) ཟེར་བ་ཞིག་གིས། སྤྱིར་བཏང་མི་མང་གི་མདུན་དུ་སྲོག་ཁྲིམས་གཅོད་པའི་དམིགས་ཡུལ་ནི། ཁྲིམས་འགལ་བྱས་དང་བྱེད་བཞིན་པའི་མི་ངན་ཚོར་ཞེད་སྣང་སྐུལ་བ་དང་ཉེན་བརྡ་གཏོང་གི་ཡོད་པ་རེད། འོན་ཀྱང་། སྤྱི་ཚོགས་ཀྱི་བདེ་འཇགས་ལ་དམིགས་ནས་མིའི་ཀུན་སྤྱོད་ལས་བརྒལ་བ་ཞིག་བྱེད་ཆོག་གི་ཡོད་པ་མ་རེད་དྲན་གྱི་འདུག ཉེས་ཅན་ཚོར་སྲོག་ཁྲིམས་ཕོག་ཡོད་ཀྱང་། མི་མང་གི་མདུན་དུ་འཁྲིད་དེ་དམའ་འབེབས་བྱས་པ་ནི། ཕྱི་ལོ་ ༡༩༨༨ ལོར་གཏན་འབེབས་བྱས་པའི་རྒྱ་ནག་གི་བཅའ་ཁྲིམས་ནང་ཉེས་ཅན་ལ་མི་མང་གི་མདུན་དུ་བརྙས་སྨོད་བྱེད་མི་ཆོག་ཅེས་པ་དང་ཡོངས་སུ་འགལ་གྱི་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

ཀང་ཏུང་དུ་སྤྱི་མང་གི་མདུན་སར་སྲོག་ཁྲིམས་གཅོད་པ་ད་ལན་ཐེངས་དང་པོ་མིན་པ་རེད། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༨ ཉིན་ཅེ་ཡང་དུ་མི་མང་ ༡༠༠༠ བརྒལ་བས་མཐོང་ས་ནས་མྱོས་རྫས་རིགས་ནག་ཚོང་བ་ ༣ ལ་སྲོག་ཁྲིམས་བཅད་ཡོད་པ་དང་། དེ་བཞིན་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་ཧྲན་ཝེ་རྩེད་ཐང་དུ་མི་མང་ ༡༠༠༠༠ ཙམ་གྱི་མདུན་དུ་མྱོས་རྫས་ནག་ཚོང་བ་ ༡༣ ལ་སྲོག་ཁྲིམས་བཅད་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས། ད་ལོ་གཅིག་པུར་ཀང་ཏུང་ཉེན་རྟོག་པས་མྱོས་རྫས་རིགས་ནག་ཚོང་དང་འབྲེལ་བའི་དོགས་གཞིའི་འོག་མི་གྲངས་ ༡༦༠༠༠ ལྷག་འཛིན་བཟུང་བྱས་པའི་ཁྲོད། མི་གྲངས་ ༡༣༠༠༠ ལྷག་གིས་མྱོས་རྫས་ནག་ཚོང་བྱས་ཡོད་པ་དང་། དེ་བཞིན་མྱོས་རྫས་རིགས་བེད་སྤྱོད་བྱེད་མཁན་མི་གྲངས་ ༡༠༤༠༠༠ ལྷག་འཛིན་བཟུང་བྱས་ཡོད་པ་མ་ཟད། སྔོག་བཤེར་བྱས་ཏེ་མྱོས་རྫས་ལྗིད་ཚད་ཊིན་ (Tonnes) ༡༠.༤ ལྷག་ལག་སོན་བྱུང་ཡོད་སྐོར་བསྒྲགས་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༢/༡༩

Leave a Reply