ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་སོང་བ་བཞིན་བསླབ་པ་སློབ་གཉེར་ཡང་དེ་ལྟར་འགྲོ་དགོས་པ་གལ་ཆེ།

སེར་སྨད་གྲྭ་ཚང་གི་ཆོས་ར་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་ར་ཧ་ཅང་ཡག་པོ་བྱུང་འདུག་པས་གཟི་བརྗིད་ཁོག་སྟོང་གི་བཤད་ཚུལ་དུ་མི་འགྲོ་བར་བསླབ་པ་སློབ་གཉེར་ཐོག་འཐུས་མ་ཤོར་བ་ཞིག་གནང་གལ་ཆེ་སྐོར་བཀའ་སློབ་གནང་འདུག

དེ་རིང་ཕྱི་ཚེས་༢༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་༨:༣༥ སྟེང་༧གོས་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སེར་སྨད་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་གནང་སོང་བ་དང་། མཛད་སྒོའི་ཐོག་རྒྱ་གར་མུ་སྟེགས་པའི་བླ་ཆེན་(H H. JAGADGURU SRI SHIVARATHRI)དང་(HH. SRI SRI DR NIRMALANANDNATHA MAHASWAMIJI)མཆོག དེ་བཞིན་མཁན་སྤྲུལ་དགེ་བཤེས་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག གཞན་ཡང་། དད་ལྡན་སེར་སྐྱ་མི་མང་སྟོང་འགའ་བཅས་འཛོམས་འདུག

མཛད་སྒོའི་ཐོག་མར་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་རྗེ་བཙུན་ངག་དབང་འབྱོར་ལྡན་མཆོག་ནས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཆོས་ར་འདི་ལྟ་བུ་ཞིག་གསར་འཛུགས་གནང་དོན་ཆོས་ར་རྙིང་པར་ཆར་ཆུ་སོགས་ཀྱིས་སློབ་གཉེར་བ་ཚོར་དཀའ་ངལ་མང་པོ་ཡོད་པ་དང་། དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚན་རིག་སྦྱོང་མཁན་དང་གདན་ས་ཁག་གི་འཇང་དགུན་ཆོས་སོགས་ཀྱི་སྐབས་ཆོས་ར་ཆུང་དྲག་པའི་དཀའ་ངལ་ཡོད་པར་བརྟེན། ༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆོས་ར་གསར་པ་ཞིག་དགོས་པའི་སྐྱབས་འཇུག་ཞུས་པ་བཞིན་བཀའ་འཁྲོལ་ཐོབ་པ་དང་། ༧གོང་ས་མཆོག་གིས་ཆོས་ར་གསར་འཛུགས་ཆེད་ཧིན་སྒོར་འབུམ་༢༠༠ གནང་སོན་བྱུང་བ་དང་། དེ་བཞིན་དད་ལྡན་མང་པོའི་སྦྱིན་བདག་དང་གཙོ་བོ་༧སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཁོ་ནའི་ཐུགས་རྗེ་ཉག་གཅིག་ལ་བརྟེན་ནས་ཆོས་ར་གསར་པ་འདི་ལེགས་འགྲུབ་བྱུང་བ་ཡིན་ལ། ད་ལྟའི་ཆར་སེར་སྨད་གྲྭ་ཚང་ལ་དགེ་བཤེས་ལྷ་རམས་པ་ ༣༣༢ དང་། བཙུན་ཆུང་སློབ་གྲྭར་འགྲོ་བཞིན་པ་༣༤༠། ཆོས་རར་འགྲོ་བཞིན་པའི་གྲྭ་བ་༨༥༦ བཅས་ཁྱོན་གྲྭ་བ་ ༡༥༦༢ ཡོད། ཅེས་སོགས་གསུངས་སོང་།

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས། དེ་རིང་ཆོས་ར་འདི་ལྟ་བུ་ཞིག་གསར་འཛུགས་ཐུབ་པ་དེ་༧ སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཡིན་དུས། ༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཀྱི་ཐུགས་རྗེ་བཀའ་དྲིན་དྲན་པ་དང་། དང་པོ་ང་ཚོ་རྒྱ་གར་ལུང་པར་སླེབས་དུས་ངོ་ཤེས་པ་ས་དང་གནམ་ལས་མེད་ན་ཡང་༧གོང་ས་མཆོག་གི་བཀའ་དྲིན་དང་ཡུལ་མིའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་ཀྱི་རིག་གཞུང་དང་སྐད་ཡིག་ཆོས་ལུགས་སོགས་སླར་གསོ་དང་། བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཤིག་ཞུ་ཐུབ་བཞིན་པ་དེ་གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་སྟབས། གདན་ས་ཁག་ལ་མཚོན་ན་འཆད་ཉན་གཙོ་བོ་ཆགས་བསྡད་ཡོད་དུས་དེའི་ཕྱོགས་ལ་དམིགས་བསལ་འབད་བརྩོན་གནང་རྒྱུ་གལ་ཆེན་ཡིན་པ་དང། དེ་བཞིན་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མའི་ནང་དུ་མཚན་ཉིད་རྩོད་རྒྱུ་དང་ཐོས་བསམ་སློབ་གཉེར་ལ་འབུར་དུ་ཐོན་པའི་འགྲུབ་འབྲས་བྱུང་བ་དེ་གཙོ་བོ་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཡིན་དུས། ཐོས་བསམ་སློབ་གཉེར་གྱི་ཕྱོགས་ལ་འབད་བརྩོན་བྱ་དགོས་པ་དེ་གལ་ཆེན་པོ་རེད་ལ། ང་རང་ཚོ་བཙན་བྱོལ་དུ་གྱར་ནས་ལོ་ངོ་ལྔ་བཅུ་ལྷག་ཟིན་བསྡད་ཡོད་པ་དང་། དེའི་རིང་ཕྱི་ལ་འཐབ་རྩོད་ཙམ་མ་ཟད་བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་བཅས་པ་སློབ་གཉེར་བྱེད་ས་དགོན་སྡེ་ཁག་གཙོས་མང་པོ་ཞིག་བྱུང་ཡོད་པ་རེད། མང་ཚོགས་ཡིན་ནའང་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་ལ་བསླབ་པ་སློབ་གཉེར་གནང་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

དེ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བོད་ནང་དུ་གདན་ས་ཆེན་པོ་སེ་ར་དགོན་པ་ཕྱི་ལོ་ ༡༤༡༩ ལོར་ཕྱག་བཏབ་པ་དང་། སེ་ར་སྨད་དེ་ཕྱི་ལོ་ ༡༤༢༡ལོར་ཕྱག་བཏབ་ཡོད་འདུག་པས། སེ་ར་སྨད་དགོན་པ་དེ་ཕྱག་བཏབ་གནང་ནས་ལོ་ ༦༠༠ འཁོར་གྲབས་ཡོད་པ་དང་། ལོ་རྒྱུས་ནང་བལྟས་པ་ཡིན་ན། དཔལ་ནཱལེན་ཌ་ཕྱག་བཏབ་ནས་ལོ་སྟོང་ཕྲག་གཅིག་ལྷག་ལ་གནས་པའི་ལོ་རྒྱུས་ཡོད་པ་རེད། སེ་ར་དགོན་པར་མཚོན་ན་ཕྱི་ལོ་ ༡༤༡༩ ནས་རྩིས་ཏེ་མུ་མཐུད་ལོ་༤༠༠ ལྷག་ལ་གནས་པ་ཡིན་ན། དཔལ་ནཱལེནཌ་ལྟ་བུ་ཆགས་རྒྱུ་ཡིན་པའི་རྟེན་འབྲེལ་གསལ་བོ་རེད་ལ། དེའི་ཕྱོགས་ལ་ཚང་མས་འབད་བརྩོན་གནང་དགོས་པ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད། ང་ཚོ་བོད་ལུང་པ་ཤོར་ནས་བཙན་བྱོལ་དུ་འབྱོར་བ་དང་སེ་ར་དགོན་པ་ལྷོ་ཕྱོགས་ཀར་ནཱ་ཊ་ཀཱ་མངའ་སྡེའི་ནང་དུ་ཕྱི་ལོ་ ༡༩༦༣་ལོ་ནས་འགོ་འཛུགས་གནང་ཡོད་པ་དང་། དེའི་རྗེས་དགེ་འདུན་པ་མང་དུ་སོང་སྟེ། ཕྱི་ལོ་ ༡༩༨༧ ལོར་རྒྱ་བསྐྱེད་གནང་ཡོད་པ་དང་ཕྱི་ལོ་༢༠༠༢ ལོར་བསྐྱར་དུ་རྒྱ་བསྐྱེད་ཅིག་གནང་སྟེ་ད་ལྟ་གཟེངས་སུ་ཐོན་པ་ཞིག་ཆགས་ཡོད་པ་དང་། གཙོ་བོ་དེ་དག་ཚང་མ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་རྒྱ་གར་གཞུང་གི་བཀའ་དྲིན་ཡིན་པ་རེད། དེ་ཡིན་དུས་བོད་པར་ཕྱིའི་དངོས་པོ་དང་ནང་གི་བཅུད་ཟེར་བ་ལྟར་ནང་གི་བཅུད་དེ་བསླབ་པ་སློབ་གཉེར་ཆགས་བསྡད་ཡོད་དུས། ཆོས་ར་འདིའི་ནང་དུ་སློབ་གཉེར་བྱེད་མཁན་ཚོ་ཡིན་ན་གཙོ་བོ་རྩོད་པ་དང་བགྲོ་གླེང་བྱེད་རྒྱུ་ཡིན་དུས། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་དེ་ཡར་རྒྱས་དང་གཏིང་ཟབ་རུ་གཏོང་རྒྱུ་སེམས་ལ་བཅངས་ནས། ༧གོང་ས་མཆོག་གིས་དུས་རྟག་ཏུ་ དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་རེད་ཅེས་གསུངས་པ་ལྟར། སྤུས་ཚད་དང་ཤེས་ཚད་ཡར་རྒྱས་གཏོང་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། དགེ་འདུན་པ་ཚོས་སྲོལ་རྒྱུན་གྱི་རིག་གནས་དེ་གཏིང་ཟབ་མོ་ཤེས་ཀྱི་ཡོད་དུས་དེང་དུས་ཀྱི་ཤེས་ཡོན་ལ་འབད་བརྩོན་གནང་ནས་(BA)དང་(MA) (PHD)སོགས་ཀྱི་ལག་འཁྱེར་ལེན་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། ད་ལྟའི་ཆར་འཛམ་གླིང་ཡོངས་སུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་དགེ་རྒན་གནང་མཁན་མང་ཆེ་ཤོས་ཕྱི་རྒྱལ་མི་སྣ་ཆགས་བསྡད་ཡོད་པ་རེད། རིམ་གྱིས་ང་རང་ཚོའི་དོན་གྱི་བདག་པོ་དགེ་འདུན་པ་ཚོ་ཡིན་དུས་དགེ་བཤེས་ལྷ་རམས་པ་ཡོད་པའི་ཐོག་ནས་དེང་དུས་ཤེས་ཡོན་གྱི་(PHD) ལག་འཁྱེར་བླངས་ཏེ། འཛམ་གླིང་ཡོངས་ཀྱི་མཐོ་སློབ་ཁག་ཏུ་དགེ་རྒན་ཆེན་མོ་གནང་ཐུབ་པ་ཡིན་ན། རང་བཞིན་གྱིས་བསྟན་པ་དར་བ་དང་། ༧གོང་ས་མཆོག་གི་དགོངས་པ་ལའང་འཛམ་གླིང་ཡོངས་ལ་དར་སྤེལ་ཡོངས་ཐུབ་པའི་རེ་བ་ཡོད་པ་རེད་ལ། དེ་འདྲ་བྱ་ཐུབ་པ་ཡིན་ན་རླབས་ཆེན་གྱི་བྱ་བཞག་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

དེ་ནས་རྒྱ་གར་མུ་སྟེགས་པའི་སློབ་དཔོན་རྣམ་གཉིས་ནས་གསུང་བཤད་གནང་རྗེས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་ར་དབུ་འབྱེད་དང་འབྲེལ་བའི་བླང་དོར་བཀའ་སློབ་གནང་དོན། དེ་རིང་བཀྲ་ཤིས་པའི་མཛད་སྒོ་འདིའི་ཐོག་སྐབས་སུ་བབ་པ་དེ་སེར་སྨད་ནོར་གླིང་གྲྭ་ཚང་གི་ཆོས་ར་གསར་པ་འཛུགས་སྐྲུན་དང་རྒྱ་བསྐྱེད་ཆེ་ཐག་ཆོད་གནང་འདུག འགྲོ་སོང་ཡང་ཆེ་ཐག་ཆོད་སོང་ཡོད་རེད་དེ། འབྲེལ་ཡོད་དང་སྦྱིན་བདག་ཚང་མས་དངོས་ནས་ལྷག་བསམ་རྣམ་དག་གི་ཐོག་ནས་རྒྱབ་སྐྱོར་དང་མཐུན་རྐྱེན་རོགས་རམ་གནང་བ་དང་། ལས་ཀ་ལས་མཁན་ཚོར་མཚོན་ན་ཡང་དཀའ་ཚགས་ལ་མ་འཛེམས་པར་གང་ཐུབ་གནང་བ་དེར་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཆོས་ར་ཡག་པོ་བྱུང་འདུག་ལ་དཔེ་ཡག་པོ་རེད། ང་ཚོ་བོད་པའི་བཤད་ཚུལ་ལ་གཟི་བརྗིད་ཁོག་སྟོང་ཞེས་པ་ཞིག་ཡོད་པ་རེད། དེ་འདྲ་མ་ཡིན་པར་ཕྱི་དངོས་པོ་འཛུགས་སྐྲུན་ཡར་རྒྱས་སོང་བ་བཞིན་ནང་གི་བསླབ་པ་སློབ་གཉེར་ཡང་དེ་ལྟར་འགྲོ་དགོས་པ་དེ་གལ་ཆེན་དང་འཐུས་ཤོར་མ་སོང་བ་ཞིག་བྱེད་དགོས་རེད་།

དེ་བཞིན་དེ་རིང་འདིར་རྒྱ་གར་མུ་སྟེགས་པའི་ཆོས་ལུགས་ཀྱི་སློབ་དཔོན་གཉིས་ཕེབས་ཡོད་པ་རེད། རྒྱ་གར་འཕགས་པའི་ཡུལ་དུ་སྔོན་སྟོན་པ་བཅོམ་ལྡན་འདས་མ་འཁྲུངས་སྔོན་ལ་ལྟ་གྲུབ་དང་འབྲེལ་བའི་ཆོས་བརྒྱུད་དེ་འདྲ་རྒྱུན་རིང་བོར་བྱུང་ཡོད་ས་རེད། མུ་སྟེགས་པའི་གཞུང་ནང་སེམས་ཁམས་རིག་པའི་སྐོར་ཤུགས་ཆེན་པོ་ཡོད་པ་རེད། རྒྱ་གར་ནང་ཆོས་ལུགས་དང་ཆོས་བརྒྱུད་དེ་འདྲ་མང་པོ་ཡོད་པ་མ་ཟད། ཆོས་ལུགས་ཕན་ཚུལ་བར་ཞི་བདེ་མཉམ་གནས་ཡོང་ཐུབ་གི་ཡོད་རེད། ང་ཚོས་བྱས་པ་ཡིན་ན་འཛམ་བུ་གླིང་འདིའི་ནང་ཆོས་ལུགས་ཕན་ཚུན་བར་ཞི་བདེ་མཉམ་གནས་ཡོང་མི་ཐུབ་པ་ཞིག་གཏན་ནས་མ་རེད། རྒྱ་གར་ལ་མཚོན་ན་ཆོས་ལུགས་འདྲ་མིན་ཡོད་པ་བཞིན། དེ་དག་ཕན་ཚུན་བར་ཞི་བདེ་མཉམ་གནས་བྱས་བསྡད་ཡོད་རེད། རྒྱ་གར་ནང་ལོ་ངོ་༣༠༠༠ ལྷག་གི་སྔོན་དེ་འདྲ་རེད་ད་ལྟ་ཡང་དེ་འདྲ་རེད། དེ་འདྲ་ཡིན་དུས་རྒྱ་གར་གྱི་ཆོས་ལུགས་ཁག་གི་མཐུན་སྒྲིལ་དེ་འཛམ་གླིང་ཡོངས་ལ་དཔེ་མཚོན་ཞིག་ཆགས་བསྡད་ཡོད་པ་རེད། འཛམ་གླིང་འདིར་ང་ཚོས་འབད་བརྩོན་བྱས་པ་ཡིན་ན་ཆོས་ལུགས་འདྲ་མིན་ཡོད་བསྡད་པ་དེས་མཐུན་སྒྲིལ་ལ་གྲུབ་འབྲས་ཤིག་ངེས་པར་ཡོང་ཐུབ་པ་ཞིག་རེད། གང་ལྟར་དེ་རིང་ཁོང་ཚོ་འདིར་བཅར་བ་དེར་དགའ་བོ་ཞེ་དྲག་བྱུང་། ངས་ནམ་རྒྱུན་ང་རང་ལ་འགྲེལ་བཤད་བརྒྱབ་སྐབས་རྒྱ་གར་གྱི་གནའ་རབས་རིག་གཞུང་གི་མགྲིན་ཚབ་པ་ཡིན་ཞེས་བཤད་ཀྱི་ཡོད། ང་རང་གི་ངོས་ནས་འཛམ་གླིང་གི་ཆོས་ལུགས་ཕན་ཚུན་བར་མཉམ་གནས་དང་མཐུན་སྒྲིལ་ཡོང་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད། ཅེས་སོགས་གསུངས་སོང་།

མཛད་སྒོའི་མཐར་མར་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དགེ་སྐོས་མཆོག་ནས་ཆོས་ར་དབུ་འབྱེད་དང་འབྲེལ་བའི་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་ནས་༧གོང་ས་མཆོག་ལ་མཎྜལ་རྟེན་གསུམ་གྱི་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

གསར་འགོད་པ་སངས་རྒྱས་དཀོན་མཆོག་དང་དོན་འགྲུབ་བཀྲིས།

བསྐྱར་བཅོས།: ༢༠༡༨/༠༡/༠༢

Leave a Reply

2 thoughts on “ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་སོང་བ་བཞིན་བསླབ་པ་སློབ་གཉེར་ཡང་དེ་ལྟར་འགྲོ་དགོས་པ་གལ་ཆེ།

  1. ༄༅། བཀྲིན་ཤིན་ཏུ་ཆེ་༧གོང་ས་མཆོག།
    འབྲེལ་ཡོད་གསུང་བཤད་གནང་མཁན་ཚང་མར་་་ཐུགས་རྗེ་ཆེ།
    མཛད་འཕྲིན་སྔར་བཞིན་ཡར་རྒྱས་ཡོང་བའི་སྨོན་ལམ་འདེབས།