༧རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པའི་རྟགས་སྒྲིལ་དབུ་འཛུཊ་གནང་།

༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༤ པ་རྟགས་སྒྲིལ་ཆེད་བྱེས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཡོངས་ཀྱི་མཚན་གཞུང་ཟན་བསྒྲིལ་ཞུས་ཏེ་དེ་རིང་ནས་སྒྲུབ་པ་དངོས་སུ་དབུ་འཛུགས་གནང་གི་ཡོད་འདུག

གཡུང་དྲུང་བོན་གྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ཧི་མ་ཅལ་ནང་ཡོད་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་དགོན་དུ། ཞྭ་དཀར་བསྟན་པའི་གཙུག་རྒྱན་༸རྒྱལ་བ་སྨན་རི་བའི་ཁྲི་འཛིན་ ༣༤ པ་རྟགས་སྒྲིལ་ཆེད། ཟླ་འདིའི་ཚེས་༡༩ ཉིན་བོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་རྣམས་ཀྱི་མཚན་གཞུང་ཆད་ལུས་མེད་པར་ཟན་བསྒྲིལ་ཞུས་ཟིན་ཡོད་པ་ལྟར། ཁ་སང་བོན་གཞིས་ཐོབ་རྒྱལ་གསར་པའི་གཞིས་དགོན་གཉིས་ནས་རྒྱུན་བཞིའི་གེགས་སེལ་གྱི་བོན་སྤྱོད་གནང་ཡོད་པ་དང་། དེ་རིང་ཕྱི་ཚེས་ ༢༢ ཉིན་ཡི་དམ་ལྷ་དང་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་ལ་ཚོགས་མཆོད་རྒྱས་འབུལ་བཅས་རྟགས་སྒྲིལ་གྱི་སྒྲུབ་པ་དངོས་སུ་དབུ་འཛུགས་གནང་གི་ཡོད་པ་རེད།

གདན་ས་གཤེན་བསྟན་སྨན་རིའི་གྲྭ་ཚང་ནས་རྟགས་སྒྲིལ་གྱི་ཟླ་ཚེས་ཡོངས་བསྒྲགས་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༧་ཉིན་གྱི་ཞོགས་པར་དངོས་གཞིའི་རྟགས་སྒྲིལ་དང་པོ་བསྒྲིལ་རྒྱུ་དང་། ཕྱི་ལོ་༢༠༡༨ ཕྱི་ཟླ་ ༠༡ ཚེས་༠༡ ཉིན་ཏེ། འཕྲོད་སྦྱོར་ཐམས་ཅད་དགེ་ཞིང་ཤིས་པ་ཕྱི་ལོ་གསར་ཚེས་ཀྱི་ཉིན་མོར། དངོས་གཞིའི་རྟགས་སྒྲིལ་མཐའ་མ་བསྒྲིལ་རྒྱུ་ཡིན་པ་དང་། རྟགས་སྒྲིལ་གྱི་དངོས་གཞིར་ཞུགས་པའི་དགེ་བའི་བཤེས་གཉེན་ཆེན་མོ་ཡོངས་ནས་རྟགས་སྒྲིལ་གྱི་སྒྲུབ་པའི་མཇུག་མ་གྲུབ་བར་དུ། རང་ཉིད་རྟགས་སྒྲིལ་དུ་བབས་པའི་ཕྱིར་ལྷ་སྲུང་ལ་འཕྲིན་བཅོལ་དང་ལས་རླུང་དར་ཕྱིར་གྱི་བྱེད་སྒོ་གང་ཡང་སྤེལ་དུ་མི་རུང་བའི་སྲོལ་ཡོད་པས་དེ་ལུགས་དགོངས་དབྱིངས་སུ་མངའ་བའི་འབོད་སྐུལ་ཞུས་འདུག

ཡང་བོན་འབངས་ཡོངས་ལ་གལ་ཆེའི་གསལ་བསྒྲགས་གནང་བའི་ནང་། རྟགས་སྒྲིལ་གྱི་བྱེད་སྒོའི་སྦྱོར་དངོས་རྗེས་གསུམ་ཀུན་ཏུ་ཕྱི་ནང་གི་འགལ་རྐྱེན་མི་འབྱུང་ཞིང་། གཤེན་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་ཐབས་མཁས་ཐུགས་རྗེ་ཅན་དང། བསྟན་འགྲོའི་མཛད་པ་རླབས་ཆེན་བསྒྲུབ་པར་ནུས་པའི་དགེ་བའི་བཤེས་གཉེན་ཆེན་མོ་ཞིག་རྟགས་སྒྲིལ་དུ་འབབ་ཕྱིར། གདན་ས་སྨན་རིའི་གླིང་དང་༧དཔལ་ལྡན་སྨན་རིའི་བླ་བྲང་། གྲྭ་ཚང་འདུས་མང་ཡོངས་ནས་ཚོགས་མཆོད་རྒྱས་པ་སྒྲུབ་བཞིན་ཡོད་པ་དེ་ལུགས་སུ་རྒྱལ་ཕྱི་ནང་གང་སར་ཡོད་པའི་དགོན་སྡེ་དང་ཚོགས་པ་ཁག་གཙོས་པའི་བོན་འབངས་ཡོངས་ནས་ཐུགས་སྨོན་གསོལ་འདེབས་རྒྱ་མི་ཆུང་བ་གནང་བའི་རེ་བསྐུལ་གནང་འདུག

བསྐྱར་བཅོས།: ༢༠༡༧/༡༢/༢༢

Leave a Reply