གྲྭ་ཆོས་ཀྱིས་ལཊ་ཀྱི་སྐུ་གཟུཊ་གནས་སྟངས་ཛ་དྲག་ཆཊ་འདུག

རྒྱ་གཞུང་གིས་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་པའི་གསེར་རྟ་རྫོང་ཕུ་གུ་དགོན་པའི་དགེ་འདུན་པ་ཆོས་ཀྱིས་ལགས་ཀྱི་ནད་རྙིང་འཕར་ཏེ་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་བསྡད་ཡོད་ཀྱང་མུ་མཐུད་བཙོན་ཁང་དུ་ཡོད་འདུགའབྲེལ་ཡོད་ཅིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་གསེར་རྟ་རྫོང་ཁོངས་ཕུ་གུ་དགོན་གྱི་དགེ་འདུན་པ་ཆོས་ཀྱིས་ལགས་ཀྱི་མཆིན་པ་དང་མཚེར་པའི་ནད་རྙིང་འཕར་ཏེ་ཛ་དྲག་ཆགས་བསྡད་ཡོད་ཀྱང་། རྒྱ་གཞུང་གིས་ཁོང་མུ་མཐུད་བཙོན་འཇུག་གིས་ལས་ཀ་ལྕི་མོ་སྤྲོད་ཀྱི་ཡོད་སྟབས། ཁོང་གི་ཁྱིམ་མི་གཉེན་འབྲེལ་ཚོས་སེམས་ཁྲལ་ཆེན་པོ་གནང་བཞིན་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་ན། དགེ་འདུན་པ་ཆོས་ཀྱིས་ལགས་ཀྱི་ཁྱིམ་མི་གཉིས་རེ་ཟླ་གཅིག་ནང་ཐེངས་གཉིས་ལ་བཙོན་ཁང་དུ་ལྟ་རུ་སོང་ཆོག་པ་དང་། ཐུག་འཕྲད་སྐབས་ཤེལ་སྒོའི་ཕྱི་ནང་ནས་ཁ་པར་བརྒྱུད་སྐར་མ་ ༣༠ རིང་ཁ་བརྡ་བྱེད་ཆོག་པའི་གཏན་འབེབས་བྱས་ཡོད་ཀྱང་། དངོས་སུ་ཁ་བརྡ་བྱེད་སྐབས་སྐར་མ་ ༥ ནས་ ༡༠ བར་མ་གཏོགས་བྱེད་མི་ཆོག་པ་དང་། དགེ་འདུན་པ་ཆོས་ཀྱིས་ལགས་ལ་དེ་སྔོན་མཆིན་པ་དང་མཚེར་པའི་ན་ཚ་ཡོད་སྟབས་ཁོང་ལ་ལྟ་རུ་ཕྱིན་སྐབས་རྒྱུན་དུ་སྨན་དང་གཟུགས་པོ་གསོ་བྱེད་ཀྱི་ཟས་རིགས། གྱོན་གོས། ལག་དངུལ་བཅས་སྐྱེལ་གྱི་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༡༠ ནས་བཟུང་ཁོང་གི་ནང་མི་གཉེན་འབྲེལ་ཚོ་ཐུག་འཕྲད་དུ་ཕྱིན་སྐབས། དངུལ་དང་ཅ་དངོས། ཟས་རིགས་སོགས་གང་ཡང་སྤྲད་མི་ཆོག་པའི་བཙན་བཀའ་བཏང་སྟེ་བཀག་སྡོམ་བྱས་ཡོད་འདུག

ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༡༩ ཉིན་གྱི་ཕྱི་དྲོར་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཡུན་རིང་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པ་དང་། ཕྱིས་སུ་ཁོང་གི་ཁྱིམ་དུ་སྔོག་བཤེར་བྱེད་སྐབས་(སྐུའི་གྱ་སྟོན་བསུ)ཞེས་པའི་སྟོད་གོས་དང་། སྒེར་གྱི་སྐད་འཕྲིན་རྒྱབ་ལོགས་སུ་ཁྲིམས་འགལ་གྱི་པར་དང་གསར་འགྱུར་བརྒྱུད་འགོད་བྱས་ཏེ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱས་ཡོད་པའི་ཉེས་མིང་འོག ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ར་རྔ་ཁ་བཙོན་ཁང་དུ་བཅུག་ཡོད་པ་དང་། ཁོང་གིས་རྒྱུན་དུ་རྒྱ་སྨན་དང་བོད་སྨན་གཉིས་ཀ་བསྟེན་བཞིན་ཡོད་ཀྱང་། བཙོན་ཁང་དུ་ས་བརྐོ་རྡོ་སློག་གི་ལས་ཀ་ཤུགས་ཆེན་སྤྲད་དེ་མཐུན་རྐྱེན་ཞན་པར་བརྟེན་ནད་རྙིང་འཕར་ཡོད་པ་དང་། ཁོང་ལ་ག་དུས་ཁྲིམས་ཐག་བཅད་པ་གསལ་པོ་མེད་ཀྱང་། ཕྱི་ལོ་ ༢༠༡༩ ཟླ་ ༦ པའི་ཚེས་ ༡༨ ཉིན་ཁོང་གིི་བཙོན་འཇུག་དུས་ཡུན་ལོ་ ༤ ཧྲིལ་པོ་རྫོགས་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༡༥ ལོར་གློ་བུར་དུ་ཁོང་འཛིན་བཟུང་བྱེད་སྐབས། ཁོང་གི་ཕ་མ་གཅིག་པའི་གཅེན་མོ་སྐྱིད་འཛོམས་དང་མོའི་བུ་གྲགས་པ་གཉིས་ཀྱང་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། ཉིན་ ༡༥ རིང་བཀག་ཉར་གྱིས་གཅར་རྡུང་མནར་གཅོད་བཏང་མཐར་ཀློད་གྲོལ་བཏང་ཡོད་པ་རེད།

དགེ་འདུན་པ་ཆོས་ཀྱིས་ལགས་རང་ལོ་ ༣༩ ཡིན་པ་དང་། ཁོང་གི་ཕ་མིང་ལ་ཞོ་སྐྱ་ཉོ་དང་། མ་མིང་ལ་ཚེ་རིང་སྐྱིད་ཟེར། ཁོང་ཆུང་དུས་ནས་སྙི་སྟོད་ཡུལ་འཚོ་ཕུ་གུ་དགོན་གྱི་ཆོས་སྒོར་ཞུགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྤྱིན་པ།

བསྐྱར་བཅོས།: ༢༠༡༧/༡༢/༢༢

Leave a Reply