དོན་གྲུབ་དབང་ཆེན་ལཊ་ཨ་རིར་འབྱོར།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བོད་ཀྱི་གློག་བརྙན་ལས་འགུལ་བ་དོན་གྲུབ་དབང་ཆེན་ལགས་ཨ་རིའི་ནང་འབྱོར་ཏེ་ནང་མི་ལྷན་འཛོམས་བྱུང་འདུག

བོད་དོན་གློག་བརྙན་ཚོགས་པའི་མགྲིན་ཚབ་པ་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་ཀྱི་གློག་བརྙན་ལས་འགུལ་བ་དོན་གྲུབ་དབང་ཆེན་ལགས་ཀྱིས་དཀའ་སྡུག་དང་ཉེན་ཚབས་ཆེན་བའི་བྲོས་བྱོལ་བརྒྱུད། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཨ་རིའི་ཁ་ལི་ཧྥོར་ནེ་ཡའི་གྲོང་ཁྱེར་སན་ཧྥི་རན་སི་ཁོ་( San Francisco )ནང་འབྱོར་ཏེ་བཟའ་མི་རྣམས་ལྷན་འཛོམས་བྱུང་ཡོད་འདུག

ད་ལྟ་དགུང་ལོ་ ༤༣ ཡིན་པའི་དོན་གྲུབ་དབང་ཆེན་ལགས་ཨ་རིར་འབྱོར་མ་ཐག་ཁོང་གིས། ལོ་མང་གི་རྗེས་སུ་ང་ལ་ཉེན་མེད་བདེ་འཇགས་དང་རང་དབང་གི་འཚོ་བར་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེ་རིང་ཐོག་མ་དེ་ཡིན།  སྙིང་ཉེ་བའི་ནང་མི་ཚོར་མགྱོགས་མྱུར་ངང་ཐུགས་འཕྲད་ཡོང་བའི་གོ་སྐབས་སྐྲུན་མཁན་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་། ཡིད་སྐྱོ་བ་ཞིག་ལ་རང་གི་ལུང་པ་རྒྱབ་ཏུ་བཞག་དགོས་བྱུང་སོང་། ཞེས་བརྗོད་འདུག

བོད་དོན་གློག་བརྙན་ཚོགས་པའི་མགྲིན་ཚབ་པ་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས། དོན་གྲུབ་དབང་ཆེན་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་ལ་ཡིད་ཆེས་བརྟན་པོ་ཡོད་པའི་གང་ཟག་ཅིག་ཡིན་ལ། ཁོང་གིས་བོད་མི་ཚོའི་སྡུག་དཀའ་ངལ་གྱི་བསམ་ཚུལ་ཕྱིར་བཏོན་པ་རྒྱུ་རྐྱེན་དུ་བྱས་ཏེ། རྒྱ་ནག་གཞུང་གིས་ཁོང་ལ་འཛིན་བཟུང་དམ་དྲག་དང་མནར་གཅོད་རྩ་བ་ནས་གཏོང་མི་རུང་བ་ཞིག་ཡིན་ཡང་། ད་ནས་བཟུང་ཁོང་ལ་བསམ་ཚུལ་བཤད་རྒྱུའི་རང་དབང་ཆ་ཚང་ཡོད་པ་རེད། ཅེས་དང་། དུས་ཚོད་རན་མཚམས་ནས་དོན་གྲུབ་དབང་ཆེན་ལགས་ཀྱིས་གསར་ལམ་དུ་གནས་ཚུལ་སྤེལ་རྒྱུ་ཡིན་ལ། དོན་གྲུབ་དབང་ཆེན་ལགས་རང་དབང་ལུང་པའི་ནང་འབྱོར་བར་རྒྱབ་སྐྱོར་གནང་མཁན་གཞུང་འཛིན་དང་ཚོགས་སྡེ་ཁག དེ་བཞིན་མི་སྒེར་བཅས་ལ་བཀའ་དྲིན་ཆེ་ཞུས་འདུག

དོན་གྲུབ་དབང་ཆེན་ལགས་ནས་ “འཇིགས་བྲལ་” ཞེས་པའི་དངོས་དོན་གློག་བརྙན་ཕབ་སྐྲུན་བྱས་པར་བརྟེན།  རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༨  ཟླ་ ༣   ནང་ཟིང་སློང་རྒྱུད་སྐུལ་བྱེད་པའི་ནག་ཉེས་གཡོགས་ཏེ་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ཟླ་    ༦ ཚེས་ ༥ ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་བཙོན་ཁང་ནས་ཁོང་ཀློད་གྲོལ་བཏང་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱས་ཡོད་པ་རེད།

དོན་གྲུབ་དབང་ཆེན་ལགས་ཀྱི་ལས་གྲོགས་གྲྭ་མགོ་ལོག་འཇིགས་མེད་ལགས་ཀྱང་སྐབས་དེར་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཏེ་མནར་གཅོད་ཚད་མེད་མྱངས་རྗེས། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༤ པའི་ནང་རྒྱ་གར་དྷ་རམ་ས་ལར་བདེ་འབྱོར་བྱུང་ཡོད་པ་དང་། ད་ལྟ་སུད་སིའི་ནང་གནས་སྡོད་ཀྱིས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་ཡ་ང་བའི་གནས་སྟངས་སོགས་ཀྱི་མཚོན་པའི་བོད་ནང་རྒྱ་ནག་གཞུང་གིས་བཙན་གནོན་གདུག་རྩུབ་ཅན་གྱི་སྲིད་བྱུས་ག་འདྲ་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་འཛམ་གླིང་ཐོག་ར་སྤྲོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

བོད་ནང་གི་བོད་མི་ཚོའི་དངོས་ཡོད་དཀའ་སྡུག་ཕབ་སྐྲུན་བྱས་པའི་འཇིགས་བྲལ་ཞེས་པའི་གློག་བརྙན་དེ། སུད་སིའི་ཛུས་རིག་གྲོང་ཁྱེར་དུ་རྟེན་གཞི་བྱས་ཡོད་པའི་དོན་གྲུབ་དབང་ཆེན་ལགས་ཀྱི་གཉེན་ཉེ་འཇམ་དབྱངས་ཚུལ་ཁྲིམས་ནས་གཙོ་གཉེར་གནང་སྟེ། བོད་དོན་གློག་བརྙན་ཚོགས་པ་ནས་འཛམ་གླིང་ཡོངས་སུ་ཁྱབ་སྤེལ་གནང་ཡོད་པ་དང་། དོན་གྲུབ་དབང་ཆེན་ལགས་འཛིན་བཟུང་བྱས་རྗེས། ཁོང་གི་བཟའ་ཟླ་ལྷ་མོ་མཚོ་ལགས་ནས་ཁོང་འཕྲལ་དུ་ཀློད་གྲོལ་ཡོང་ཆེད། རྒྱ་གར་ནང་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྡུས་པའི་ཉན་ཞིབ་ཚོགས་འདུ་དང་གཏམ་བཤད་བགྲོ་གླེང་སོགས་ཀྱི་སྟེང་། མོ་རང་གི་ཁྱོ་ག་གཙོ་བོར་གྱུར་བའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་དཀའ་སྡུག་དང་། བཙོན་པ་རྣམས་ཀྱི་ཁྱིམ་མི་གཉེན་འབྲེལ་ཚོའི་དཀའ་སྡུག་སོགས་ཀྱི་སྐོར་གཏམ་བཤད་དང་ཞི་འབོད་ཀྱི་ལས་འགུལ་སྣ་མང་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོར་སྲིད་དོན་སྐྱབས་བཅོལ་བའི་ངོ་བོའི་ཐོག་ནས་མ་བུ་ཚོ་ཨ་རིར་གནས་སྤོ་བྱས་ཡོད་པ་རེད།

ཕྱི་ལོ་  ༢༠༡༢  ལོར་གསར་འགོད་པ་ཉེན་སྲུང་ལྷན་ཚོགས་ནས་དོན་གྲུབ་དབང་ཆེན་ལགས་ལ་རྒྱལ་སྤྱིའི་རང་དབང་གསར་འགྱུར་གྱི་གཟེངས་རྟགས་ཕུལ་ཡོད་པ་དང་། དེ་བཞིན། ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་གིས་རྣམ་དཔྱོད་ལྡན་པའི་བརྩམས་ཆོས་སྒྱུ་རྩལ་གྱི་རྒྱལ་སྤྱིའི་ཧ་ཝེལ་གཟེངས་རྟགས་ (Havel Prize)ཕུལ་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༡༢/༢༨

Leave a Reply

6 thoughts on “དོན་གྲུབ་དབང་ཆེན་ལཊ་ཨ་རིར་འབྱོར།

  1. ༄༅། དོན་གྲུབ་དབང་ཆེན་ལགས་ལོ་མང་རིང་རྒྱ་དམར་གྱིས་བཙོན་འོག་ཏུ་བཅུག་ནས་བཟའ་མི་
    རྣམས་ཡུན་རིང་ཁ་བྲལ་ནས་བསྡད་དགོས་བྱུང་ཡང་ད་ཆ་ཁོ་པ་ནང་མི་མཉམ་དུ་ཨ་རིར་བདེ་འབྱོར་བྱུང་
    བའི་གཏམ་བཟང་འདི་ཐོས་པ་དང་ནང་མི་ལྷན་རྒྱས་མཉམ་དུ་སྐུ་པར་མཐོང་བར་སེམས་ཤིན་དགའ་
    ཞིང་མིག་ནས་མིག་མཆུ་ཐོན་རང་དབང་མེད་པ་ཐོན་སོང། ཁྱེད་ལ་སྙིང་ནས་བཀྲིས་བདེ་ལེགས་ཞུ་གི་ཡོད།
    དགའ་བའི་འཚམས་འཕྲིན་འདི་དོན་གྲུབ་དབང་ཆེན་ལ་འཁྱོལ་བ་གནང་རོགས་གནང།
    ཐུགས་རྗེ་ཆེ། བོད་རྒྱལ་ལོ།

  2. སྲས་སྐུ་ངོ་།

    དོན་འགྲུབ་དབང་ཆེན་ལགས་བདེ་འཇགས་ངང་རང་དབང་ལུང་པར་བསླེབས་པ་དང་ནང་མི་ལྷན་འཛོམས་བྱུང་བར་རྟེན་འབྲེལ་གྲངས་མེད་ཞུ། ལྷག་དོན་ཉིད་ཀྱིས་རྒྱའི་བཙོན་ཁང་དུ་མནར་གཅོད་ཚད་མེད་མྱོང་བའི་གནས་ཚུལ་དག་འབྲེལ་ཡོད་རང་དབང་ཚོགས་པ་ཁག་ལ་ཞུ་གཏུགས་བྱ་བར་ཡིད་ཆེས་ཡོད།