༢༠༡༧ ལོའི་དུས་བབ་ཀྱི་རྒྱལ་སྤྱིའི་གནས་ཚུལ་ཆེ་ཁག་བཅུ།

བོད་ཀྱི་དུས་བབ་གསར་ཁང་གི་ཕྱི་ལོ་ ༢༠༡༧ ལོའི་རྒྱལ་སྤྱིའི་གནས་ཚུལ་ཆེ་ཁག་བཅུ་ཕྱོགས་བསྡུས།

ལྐོག་གསོད་ཐབས་ཇུས།

ཕྱི་ཟླ་ ༢ ཚེས་ ༡༣ ཉིན་མཱ་ལེ་ཤི་ཡའི་གནམ་ཐང་དུ། བུད་མེད་གཅིག་གིས་བྱང་ཀོ་རི་ཡའི་སྲིད་འཛིན་ཁེམ་ཇོང་ཨིན་གྱི་ཕ་གཅིག་ཕུ་བོ་ཁེམ་ཇོང་ནམ་(Kim Jong-nam)གྱི་མགོ་ལ་དུག་རྫས་དབྱུག་པའི་རས་དཀར་ཞིག་བསྐོན་ཏེ་བྲོས་ཕྱིན་ཡོད་པ་དང་། དེ་མ་ཐག་ཁོང་སྨན་ཁང་དུ་བསྐྱལ་ཡོད་ཀྱང་མྱུར་སྐྱོབ་མ་ཐུབ་པར་ལམ་བར་ནས་འདས་གྲོངས་སུ་ཕྱིན། ད་ལྟའི་བར་དུ་ཁེམ་ཇོང་ནམ་ལྐོག་གསོད་བྱེད་མཁན་ངོ་མ་དེ་སུ་ཡིན་ཤེས་རྟོཊ་ཐུབ་མེད་ཀྱང་། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་ཁེམ་ཇོང་ནམ་ལྐོག་གསོད་ཀྱི་ཐབས་ཇུས་བ་བྱང་ཀོ་རི་ཡའི་སྲིད་འཛིན་ཁེམ་ཇོང་ཨིན་ཡིན་པའི་དོགས་སློང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ཁོང་ཕུ་ནུ་གཉིས་བར་སྲིད་དབང་གི་རྩོད་རྙོག་ཡོད་པ་མ་ཟད། ཁེམ་ཇོང་ནམ་གྱིས་ད་ལྟའི་བྱང་ཀོ་རི་ཡའི་ཆབ་སྲིད་ལམ་ལུགས་དང་ཁེམ་ཇོང་ཨིན་གྱི་སྲིད་དབང་སྒེར་གཅོད་ལ་སྐྱོན་བརྗོད་ཐེངས་མང་བྱས་ཡོད།

རང་བཙན་རྩོད་ལེན།

ཕྱི་ཟླ་ ༣ ཚེས་ ༡༣ ཉིན་སི་ཁོཊ་ལན་ (Scotland) གྱི་བློན་ཆེན་ལྕམ་ནེ་ཁོ་ལཱ་སིཊུར་གྷོན་ (Nicola Ferguson Sturgeon) ལགས་ཀྱིས། སི་ཁོཊ་ལན་དབྱིན་ཡུལ་མཉམ་འབྲེལ་ཁོངས་ནས་རང་བཙན་འཐོབ་ཐབས་སུ་མང་མོས་འོས་བསྡུ་ཐེངས་གཉིས་པ་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་ཀྱང་། དབྱིན་གཞུང་ནས་འོས་བསྡུ་ཐེངས་གཉིས་པ་བྱེད་པའི་དགོས་འདུན་སྐོང་མེད་པ་མ་ཟད། དབྱིན་ཡུལ་གྲོས་ཚོགས་ནང་སི་ཁོཊ་ལན་མི་རིགས་སྲིད་དོན་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་སྟེ་སྲིད་དབང་གི་སྟོབས་ཤུགས་ཉམས་ཞན་དུ་གྱུར། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༨ ཉིན་སི་ཁོཊ་ལན་ས་གནས་གཞུང་གིས་འོས་བསྡུ་ཐེངས་དང་པོ་བྱེད་སྐབས། རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆ་ ༤༤།༧ དང་། མི་རིགས་རང་སྐྱོང་ཁུལ་འདོད་མཁན་བརྒྱ་ཆ་ ༥༥།༣ བྱུང་སྟེ། དབྱིན་ཡུལ་མངའ་ཁོངས་སུ་མུ་མཐུད་གནས་རྒྱུ་མང་མོས་ཐག་གཅོད་བྱུང་ཡོད་པ་རེད།

སྲིད་འཛིན་འཇུ་བཟུང་།

ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ལྷོ་ཀོ་རི་ཡའི་ཞིབ་བཤེར་ལྷན་ཁང་གིས་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག སྲིད་འཛིན་ཟུར་པ་ལྕམ་ཕག་ཅིན་ཧའེ་ (Park Geun-hye) ལགས་འཛིན་བཟུང་བྱས་ཏེ། རྒྱལ་ས་སཱོལ་(Seoul)གྱི་བཀག་ཉར་ཁང་ཞིག་ཏུ་བཅུག་ནས་འདྲི་གཅོད་བྱེད་བཞིན་ཡོད་པ་དང་། ལྕམ་ཕག་ཅིན་ཧའེ་ལ་ནག་ཉེས་མི་འདྲ་བ་ ༡༣ བགྲང་གི་ཡོད་པའི་ནང་ནས་ནག་ཉེས་ཚབས་ཆེ་ཤོས་ནི། སམ་སང་གློག་ཆས་ཚོང་གཉེར་ཁང་ནས་ལྐོག་རྔན་འབོར་ཆེན་བླངས་ཡོད་པའི་དོགས་གཞི་ཡོད་ཀྱང་། མོས་དངུལ་དེ་ལྐོག་རྔན་ཡིན་པར་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་རེད། ལྕམ་ཕག་ཅིན་ཧའེ་ལགས་ནི་ལྷོ་ཀོ་རི་ཡའི་ལོ་རྒྱུས་ནང་བུད་མེད་ཀྱི་སྲིད་འཛིན་ཐོག་མ་དང་། ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་འོག་འཛིན་བཟུང་བྱས་པའི་སྲིད་འཛིན་གསུམ་པ་དེ་ཆགས།

ཆབ་སྲིད་འཕོ་འགྱུར།

ཕྱི་ཟླ་ ༥ ཚེས་ ༨ ཉིན་ཧྥ་རན་སིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་གྲུབ་འབྲས་གསལ་བསྒྲགས་གནང་སྟེ། ཧྥ་རན་སིའི་གཡས་ཕྱོགས་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་སྐུ་མཱ་རིན་ལེ་པེན་( Marine Le Pen) ལགས་ལ་འོས་བརྒྱ་ཆ་ ༣༤.༥ དང་། ཧྥ་རན་སིའི་གུ་ཡངས་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་མཱག་རོན་ ((Emmanuel Macron) ལགས་ལ་འོས་བརྒྱ་ཆ་ ༦༥.༥ ཐོབ་སྟེ། སྐུ་ཞབས་མཱག་རོན་ལགས་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་པ་དང་། ཁོང་ནི་ཧྥ་རན་སིའི་ལོ་རྒྱུས་ནང་གི་སྲིད་འཛིན་དགུང་ལོ་གཞོན་ཤོས་དེ་ཆགས་ཡོད་པ་རེད། འདི་ལོའི་འོས་བསྡུའི་ཁྲོད་ཧྥ་རན་སིའི་ཆབ་སྲིད་ཚོགས་པ་ཆེ་ཤོས་གཉིས་ཏེ། གཡས་ཕྱོགས་སྤྱི་ཚོགས་རིང་ལུགས་ཚོགས་པའི་སྲིད་འཛིན་འོས་མི་ཧཱ་མོན་དང་། གཡོན་ཕྱོགས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཧྥེ་ལོན་གཉིས་ལ་ཕམ་ཉེས་བྱུང་སྟེ་ཧྥ་རན་སིའི་ཆབ་སྲིད་གནས་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་བའི་རྣམ་པ་མངོན།

ཁ་རྡུང་གཏམ་བཤད།

ཕྱི་ཟླ་ ༥ ཚེས་ ༢༡ ཉིན་ཨ་རིའི་མཱ་རེ་ལན་ཌི་གཙུག་ལག་སློབ་ཆེན་ (UMD) གྱི་རྒྱ་རིགས་སློབ་ཕྲུག་ཡཱང་སུའུ་ཕེན་ (Yang Shuping) ཟེར་བའི་བུ་མོ་ཞིག་གིས། སློབ་ཆེན་མཐར་ཕྱིན་གྱི་མཛད་སྒོའི་སྟེང་རྒྱ་ནག་ནང་སྨྲ་བརྗོད་རང་དབང་བཀག་སྡོམ་བྱས་ཡོད་པ་མ་ཟད། རང་བྱུང་མཁའ་དབུགས་འབག་བཙོག་ཚབས་ཆེན་ཆགས་ཡོད་སྟབས། མོ་རང་ཨ་རིར་འབྱོར་རྗེས་ཨ་རིའི་དྭངས་གཙང་གི་མཁའ་དབུགས་དང་སྨྲ་བརྗོད་རང་དབང་ལ་མྱོང་རོལ་བྱེད་པའི་གོ་སྐབས་ཐོབ་པ་དང་། ཨ་རིའི་རང་དབང་དང་དམངས་གཙོ། དྭངས་གཙང་གི་མཁའ་དབུགས་སོགས་ནི་ཧ་ཅང་རིན་ཐང་ཅན་ཞིག་ཡིན་སྐོར་གཏམ་བཤད་བྱས་རྗེས། རྒྱ་ནག་སྐམ་ས་ཆེན་མོའི་ཕྱི་ནང་དུ་ཡོད་པའི་རྒྱ་རིགས་མང་པོས་སྤྱི་ཚོགས་བརྒྱུད་ལམ་དང་གཞུང་འབྲེལ་དྲ་ལམ་སོགས་ནས་སློབ་ཕྲུག་བུ་མོ་དེར་དམའ་འབེབས་ཁ་རྡུང་དང་དམོད་མོ་འཇིགས་སྐུལ་ཤུགས་ཆེན་བཏང་སྟེ། ཕྱི་ཟླ་ ༥ ཚེས་ ༢༤ ཉིན་སློབ་ཕྲུག་བུ་མོ་ཡཱང་སུའུ་ཕེན་གྱིས་ཡོངས་ཁྱབ་དགོངས་སེལ་ཞུས།

 རྒྱུད་གཅིག་ལམ་གཅིག

ཕྱི་ཟླ་ ༥ ཚེས་ ༡༥ ནས་ཉིན་གཉིས་རིང་རྒྱ་ནག་པེ་ཅིན་དུ། རྒྱའི་དར་གོས་ཚོང་ལམ་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་ཚོང་ལམ་ཟེར་བའི་རྒྱུད་གཅིག་ལམ་གཅིག་གི་ལས་འཆར་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་བསྡུས་ཡོད་པ་དང་། ཚོགས་ཐོག་ཏུ་འཛམ་གླིང་གི་རྒྱལ་ཁབ་ ༣༠ མ་ཟིན་ཙམ་གྱི་སྲིད་འཛིན་དང་སྐུ་ཚབ་མི་སྣ་ ༡༥༠༠ ཙམ་འཛོམས་ཡོད་འདུག རྒྱ་ནག་གཞུང་ནས་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ནང་ཡུ་རོབ་རྒྱལ་ཁབ་ཁག་གཙོ་གནད་དུ་བཟུང་ཡོད་ཀྱང་། ཡུ་རོབ་ཀྱི་རྒྱལ་ཁབ་ཆེ་ཁག་ནས་སྐུ་ཚབ་མི་སྣ་རེ་བཏང་ཡོད་པ་དང་། ཨེ་ཤ་ཡའི་རྒྱལ་ཁབ་ཆེན་པོ་རྒྱ་གར་གྱི་སྐུ་ཚབ་ཀྱང་མཉམ་ཞུགས་གནང་མེད་པ་རེད། རྒྱ་ནག་གི་གཞི་རྒྱ་ཆེ་བའི་ལས་གཞི་དེའི་རྒྱབ་ལྗོངས་ཕྱི་གསལ་ནང་གསལ་མིན་པ་དང་རྒྱ་ནག་རང་གི་དཔལ་འབྱོར་ཁེ་ཕན་ཧམ་ལེན་གྱི་ཐབས་ཇུས་ཤིག་ཡིན་པའི་ངོས་འཛིན་འོག རྒྱལ་སྤྱིའི་ལྷན་ཚོགས་དེའི་མཇུག་བསྡོམས་བསྒྲགས་ཡིག་ཐོག་ཧྥ་རན་སི་དང་འཇར་མན། དབྱིན་ཡུལ་སོགས་ཀྱི་སྐུ་ཚབ་ནས་མོས་མཐུན་གྱི་མཚན་རྟགས་མ་བཀོད་པའི་གནས་ཚུལ་ཐོན།

 ལོའུ་ཞོ་པོ་སྐུ་གྲོངས།

ཕྱི་ཟླ་ ༧ ཚེས་ ༡༣ ཉིན་རྒྱ་ནག་གི་རང་དབང་དམངས་གཙོ་དོན་གཉེར་བ་དང་། འཛམ་གླིང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལོའུ་ཞོ་པོ་ལགས་རྒྱ་ནག་ཧྲེང་ཧེ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྐུ་གྲོངས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༦ པའི་ནང་སྐུ་ཞབས་ལོའུ་ཞོ་པོ་ལགས་ལ་དུས་འགྱངས་མཆིན་པའི་སྐྲན་ནད་ཕོག་སྟེ་སྨན་བཅོས་བྱེད་ཀྱི་ཡོད་པ་ཕྱིར་བསྒྲགས་རྗེས། རྒྱ་ནག་ནང་ལོགས་དང་རྒྱལ་སྤྱིའི་ཐོག་ནས་ཁོང་ཕྱི་རྒྱལ་དུ་ཛ་དྲག་སྨན་བཅོས་བྱེད་པར་གཏོང་དགོས་པའི་དགོས་འདུན་ཤུགས་ཆེན་བཏོན་ཡོད་ཀྱང་དོན་འབྲས་བྱུང་མེད་པ་རེད། སྐུ་ཞབས་ལོའུ་ཞོ་པོ་ལགས་སྐུ་གྲོངས་རྗེས་ཁོང་གི་བཟའ་ཟླ་ལོའུ་ཞ་མུ་མཐུད་བཟང་བཙོན་འོག་ཏུ་བཞག

མི་རིགས་དཀའ་རྙོག

ཕྱི་ཟླ་༨ པའི་ནང་འབར་མའི་ར་ཀེན་མངའ་སྡེའི་ཉེན་རྟོག་ཁང་མང་པོར་དྲག་རྒོལ་ཐེབས་ཡོད་སྐོར་བརྗོད་དེ། དམག་དཔུང་སྡེབ་ལངས་ཀྱིས་ཡུལ་དེའི་རོ་ཧིན་གྷ་ཡ་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་གནོན་དམར་གསོད་བྱས་པར་བརྟེན། ཡུལ་མི་ ༦༡༥༠༠༠ ཙམ་འབར་མའི་ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དེ་ཤི་ནང་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད་པ་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་ལྕམ་ཨང་སན་སུའུ་སྐྱིད་ལགས་ནས་དབུ་འཁྲིད་པའི་འབར་མ་གཞུང་གིས་གྲངས་ཉུང་མི་རིགས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ལྕམ་ཨང་སན་སུའུ་སྐྱིད་ལགས་ཀྱི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྡུ་དགོས་པའི་རེ་འདུན་བཏོན། ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་འབར་མ་དང་བྷང་ལ་དེ་ཤི་བརགྲོས་མོལ་བྱས་ཏེ། བྷང་ལ་དེ་ཤི་ནང་ཡོད་པའི་རོ་ཧིན་གྷ་ཡའི་སྐྱབས་བཅོལ་བ་ཚོ་འབར་མའི་ནང་ཕྱིར་ལོག་གཏོང་བའི་གྲོས་ཆོད་བཞག

རྡུལ་ཕྲན་འཇིགས་སྣང་།

ཕྱི་ཟླ་ ༡༡ ཚེས་ ༢༩ ཉིན་བྱང་ཀོ་རི་ཡ་གཞུང་ནས་ཨ་རིའི་ནང་སྙོབ་ཐུབ་པའི་རྡུལ་ཕྲན་མཚོན་ཆ་གསར་པ་ཞིག་བཟོ་བསྐྲུན་བྱས་ཡོད་སྐོར་ཡོངས་བསྒྲགས་བྱས་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༥ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆབ་སྲིད་འབྲེལ་མཐུད་འགན་འཛིན་ཇེ་ཕེ་རི་ཕིལ་ཊ་མེན་ (Jeffrey Feltman) ལགས་ཀྱིས་སྣེ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་ཞིག་འདས་པའི་ལོ་ངོ་ ༦ རྗེས་ཐེངས་དང་པོར་བྱང་ཀོ་རི་ཡའི་ནང་ཆེད་ཕེབས་ཀྱིས་ཡུལ་དེའི་ཕྱི་འབྲེལ་བློན་ཆེན་ལྷན་དུ་གྲོས་མོལ་བྱས་ཡོད་པ་དང་། རྒྱལ་ཚོགས་ནས་ཞི་བའི་འབྲེལ་མོལ་བྱས་ཏེ་འཐབ་འཛིང་གི་འཇིགས་པ་སེལ་ཐབས་དགོས་པའི་རེ་སྐུལ་གནང་བ་ལྟར། བྱང་ཀོ་རི་ཡ་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱུན་ལྡན་འབྲེལ་ལམ་འཛིན་པར་མོས་མཐུན་བྱུང་ཡོད་སྐོར་བསྒྲགས་ཡོད་པ་རེད། བྱང་ཀོ་རི་ཡས་བསྟུན་མར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ཏེ་འཛམ་གླིང་ནང་སེམས་འཚབ་དང་འཇིགས་སྣང་ཆེ་རུ་འགྲོ་ཡི་ཡོད་སྟབས། རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་ཉེས་ཆད་ཤུགས་སྣོན་དང་། རྒྱལ་སྤྱིའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་བའི་ལས་འགུལ་ཚོགས་པར་ (International Campaign to Abolish Nuclear Weapons)འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ།

 བདག་དབང་རྩོད་རྙོག

ཕྱི་ཟླ་ ༡༢ ཚེས་ ༦ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུས་ཇེའུ་དང་ཁ་ཆེའི་ཆོས་ལུགས་སོགས་ཀྱི་གནས་ཆེན་ཇེ་རོ་སི་ལམ་ནི་ཨི་ཛི་རལ་གྱི་རྒྱལ་ས་ཡིན་སྐོར་བསྒྲགས་རྗེས། ཨི་ཛི་རལ་དང་པཱ་ལི་སི་ཐན་གཉིས་གཙོ་བོར་གྱུར་བའི་ཁ་ཆེའི་ལུང་པ་ཁག་ཏུ་གྲོང་ཁྱེར་དེའི་བདག་དབང་རྩོད་རྙོག་སྔར་ལས་ཤུགས་ཆེ་རུ་ཕྱིན་ཏེ་རྙོག་ཟིང་ཆེན་པོ་བྱུང་བར་བརྟེན། ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཛ་དྲག་ཚོགས་འདུ་བསྡུས་ཏེ། འཐུས་མི་ ༡༩༣ གྱིས་འོས་བླུགས་སྐབས་རྒྱལ་ཁབ་ ༩ ཡིས་ཨ་རིར་རྒྱབ་སྐྱོར་དང་། རྒྱལ་ཁབ་ ༣༥ ལྷག་བར་གནས། རྒྱལ་ཁབ་ ༡༢༨ ཀྱིས་དགག་པ་བརྒྱབས་སྟེ་ཨ་རིའི་ཡོངས་བསྒྲགས་ཐག་གཅོད་དེ་ཕྱིར་འཐེན་དགོས་པའི་མང་མོས་བྱུང་། ཨ་རིའི་སྲིད་འཛིན་ཊོམ་ཕུས་ཨ་རིའི་རོགས་དངུལ་ས་ཡ་དུང་ཕྱུར་གྱི་སྐྱོབ་གསོ་ལེན་མཁན་ཚོས་ཨ་རིར་རྒྱབ་འགལ་བྱེད་ཀྱི་ཡོད་ན་རོགས་དངུལ་མཚམས་འཇོག་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་ལྟར། ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་ཨ་རིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ལྕམ་ནི་ཁི་ཧ་ལེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩིས་ལོ་ ༢༠༡༨ དང་ ༢༠༡༩ ཡི་སྔོན་རྩིས་ལས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་ ༢༨༤ ཕྱིར་འཐེན་བྱས་པ་མ་ཟད། མ་འོངས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དོ་དམ་ནུས་པ་དང་རྒྱབ་སྐྱོར་ནུས་པ་ཆུང་དུ་གཏོང་རྒྱུ་ཡིན་སྐོར་བསྒྲགས།

གསར་འགོད་པ། ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༡༧/༡༢/༣༡

Leave a Reply