མངག་གཏོང་ཁང་གསར་འཛུགས།

རྒྱ་ནག་གཞུང་གིས་མངག་གཏོང་ཁང་ཞིག་སྒོ་འབྱེད་བྱས་ཏེ་མཐའ་མཚམས་སྲུང་སྐྱོབ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལུགས་བསྒྲགས་འདུག

རྒྱ་གཞུང་གིས་ས་གནས་ཁག་ལ་དོ་དམ་ལྟ་རྟོག་ཆེད་བོད་ཁུལ་གྱི་གྲོང་སྡེ་དང་དགོན་པ་མང་ཆེ་བའི་ནང་མངག་གཏོང་ཁང་དང་དོ་དམ་ཁང་ཟེར་བ་མང་པོ་ཆེད་འཛུགས་ཀྱིས། ས་གནས་སེར་སྐྱ་མི་མང་ལ་ལྟ་རྟོག་སྟངས་འཛིན་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར། དེ་རིང་བོད་ནང་གི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཚ་བ་རོང་གྲོང་ཚོའི་ནང་མཐའ་སྲུང་མངག་གཏོང་ཁང་དངོས་སུ་བཙུགས་ནས་སྒོ་བྱང་བཀལ་ཡོད་པ་དང་། དེ་ནི་གྲོང་ཚོ་དེར་མཐའ་སྲུང་དཔུང་སྡེ་རྒྱུན་སྡོད་བྱས་པ་ཐོག་མ་དེ་ཡིན་འདུག

ཚ་བ་རོང་གྲོང་ཚོ་ནི་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་བོད་སྐྱོད་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་སྟབས། མངག་གཏོང་ཁང་དེས་ཚ་བ་རོང་གྲོང་ཚོའི་མཐའ་མཚམས་དོ་དམ་ཚོད་འཛིན་དང་སྤྱི་ཚོགས་བདེ་འཇགས་དོ་དམ་གྱི་འགན་ནུས་འཁུར་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་སྲུང་སྐྱོང་བྱ་རྒྱུ་མ་ཟད། ད་དུང་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྒྲགས་འདུག

འདི་གའི་གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་སུ། རྒྱ་ནག་གཞུང་གིས་བོད་ཁུལ་དུ་ཆེད་འཛུགས་བྱས་པའི་མངག་གཏོང་ཁང་དེ་ཚོའི་དམིགས་ཡུལ་དང་ལས་ཀ་གཙོ་བོ་ག་རེ་བྱེད་ཀྱི་ཡོད་དྲིས་པར། སྤྱིར་བཏང་རྒྱ་ནག་གཞུང་གིས་དེ་ཚོའི་རིགས་ཀྱི་ཆབ་སྲིད་རྒྱབ་ལྗོངས་སོགས་གསང་བ་དམ་པོ་བྱས་ཏེ་ཤེས་རྟོགས་ཐུབ་ཁག་པོ་ཡིན་ཡང་། བོད་ནང་རོགས་སྐྱོར་དང་ཡར་རྒྱས་ཤུགས་ཆེ་རུ་བཏང་བ་དང་མཉམ་དུ་སྤྱི་ཚོགས་དོ་དམ་སྔར་ལས་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད། ད་ལན་གྱི་གནས་ཚུལ་འདི་ལྟ་བུར་མཚོན་ན། ཕྱི་ལོ་ ༢༠༡༧ ཟླ་དང་པོའི་ནང་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ས་མཚམས་སྒྲིག་གཞི་བསྐྱར་བཅོས་བྱས་ཏེ་དོན་ཚན་གསར་པ་མང་པོ་ཁ་སྣོན་གྱིས་དམ་དུ་བཏང་ཡོད་པ་རེད། དབུལ་སྐྱོབ་ཟེར་བའི་ལས་གཞིའི་འོག་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་ཞིབ་བྱེད་མཁན་ལས་བྱེད་ཁྲི་མང་པོ་ས་གནས་ཁག་ཏུ་བཏང་ཏེ། ཕྱོགས་གཅིག་ནས་མི་མང་གི་འཕྲོད་བསྟེན་དང་འཚོ་བའི་མཐུན་རྐྱེན་ཐད་རོགས་པ་བྱེད་ཀྱི་ཡོད་སྐོར་བཤད་ཀྱི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་དོ་དམ་ཤུགས་ཆེ་རུ་བཏང་ནས་རྒྱལ་གཅེས་ཆོས་གཅེས་ཟེར་བ་སོགས་ཀྱི་ཆབ་སྲིད་སློབ་གསོའི་ལས་འགུལ་མང་པོ་སྤེལ་བཞིན་ཡོད་སྐོར་བརྗོད་བྱུང་།

བསྐྱར་བཅོས།: ༢༠༡༨/༠༡/༠༢

Leave a Reply