ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་གྱིས་ཕྱོགས་གཉིས་ཀྱི་མི་མང་ལ་ལོ་གསར་གྱི་ལེགས་སྐྱེས་རྩ་ཆེན་འབུལ་དགོས་ཟེར།

དེ་རིང་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བར་གྲོས་མོལ་བྱས་ཡོད་ཀྱང་ལྷོ་བྱང་བར་དང་རྒྱལ་སྤྱིའི་ཐོག་འཇིགས་སྣང་ཆེ་ཤོས་སུ་གྱུར་བའི་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་མུ་མཐུད་དུ་གནས་རྒྱུ་ཡིན་སྐོར་བརྗོད་ཀྱི་འདུགདེ་རིང་སྔ་དྲོར་ལྷོ་ཀོ་རི་ཡའི་མཐའ་མཚམས་ཕན་མན་ཇོམ་(Panmunjom)གྱི་ཞི་བདེ་གྲོང་ཚོ་(Peace Village)ཞེས་པའི་ནང་དུ། ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་བར་འདི་ལོའི་ཕྱི་ཟླ་ ༢ པའི་ནང་ལྷོ་ཀོ་རི་ཡའི་ནང་འཚོགས་འཆར་ཡོད་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག བྱང་ཀོ་རི་ཡའི་ལུས་རྩལ་བ་འཛུལ་ཕྱོགས་དང། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ལེགས་བཅོས་གཏོང་ཐབས་སྐོར་ལ་གྲོས་མོལ་བྱས་ཡོད་པ་རེད། ཐེངས་འདིའི་གྲོས་མོལ་དེ་ནི་ཉེ་སྔོན་བྱང་ཀོ་རི་ཡའི་སྲིད་འཛིན་ཁེམ་ཇོང་ཨན་གྱིས་ལོ་གསར་གྱི་འཚམས་འདྲི་གཏམ་བཤད་བྱེད་སྐབས། ལོ་གསར་པའི་ནང་ལྷོ་ཀོ་རི་ཡའི་ནང་འཚོགས་འཆར་ཡོད་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་བྱང་ཀོ་རི་ཡའི་ལུས་རྩལ་བ་འཛུལ་ཞུགས་བྱེད་པར་གྲོས་མོལ་བྱེད་འདོད་ཡོད་སྐོར་བརྗོད་རྗེས། ལྷོ་ཀོ་རི་ཡའི་ཕྱོགས་ནས་གྲོས་མོལ་དེ་ཆེས་མཐོའི་སྐུ་ཚབ་ཀྱི་གྲོས་མོལ་ཞིག་ཏུ་བསྒྲུབ་པའི་དགོས་འདུན་བཏོན་པ་ལྟར། བྱང་ཀོ་རི་ཡ་ཕྱོགས་ནས་སྐུ་ཚབ་ ༥ དང་། ལྷོ་ཀོ་རི་ཡ་ཕྱོགས་ནས་སྐུ་ཚབ་ ༤ ཆེད་གཏོང་བྱས་ཡོད་པ་རེད།

དེ་རིང་ཉིན་རྒྱབ་ལྷོ་ཀོ་རི་ཡའི་སྐུ་ཚབ་དང་རྒྱལ་ཁབ་གཅིག་གྱུར་ལྷན་ཁང་གི་མགོ་འཁྲིད་ཚོམ་ཡོང་ཅན་(Cho Myoung-gyon)གྱིས་གསར་འགོད་པར། གྲོས་མོལ་སྐབས་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་ཆུང་ནས་ལྷོ་བྱང་འཐབ་འཁྲུག་སྐབས་ཁ་བྲལ་དུ་ཕྱིན་པའི་ཁྱིམ་མི་གཉེན་ཉེ་རྣམས་ཐུག་འཕྲད་བྱེད་དུ་འཇུག་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། དེ་བཞིན་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་སྐོར་ལ་གྲོས་མོལ་དགོས་པའི་རེ་འདུན་བཏོན་ཡོད་ཀྱང་། བྱང་ཀོ་རི་ཡའི་སྐུ་ཚབ་ཚོགས་ཆུང་ནས་དེའི་སྐོར་ལ་བརྡ་ལན་གསལ་བོ་སྤྲད་མེད་སྐོར་དང་། བྱང་ཀོ་རི་ཡ་ཕྱོགས་ནས་འཐུས་ཚབ་ཚོགས་ཆུང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཞུགས་ཏུ་འཇུག་དགོས་པའི་རེ་བ་བཏོན་པ་དེར་ལྷོ་ཀོ་རི་ཡའི་ཕྱོགས་ནས་མོས་མཐུན་བྱས་ཡོད་པ་མ་ཟད། ད་ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ནིི་མི་མང་གི་རེ་འདོད་བཞིན་ཞི་བདེའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཤིག་ཆགས་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། གཞན་ཡང་། ཁོང་གིས་གྲོས་མོལ་གྱི་ཐབས་ལམ་བརྒྱུད་ལྷོ་བྱང་བར་གྱི་ས་ཁོངས་ཆབ་སྲིད་གནད་དོན་སེལ་ཐབས་བྱེད་པར་ཕྱོགས་གཉིས་མོས་མཐུན་བྱུང་ཡོད་པ་དང་། སྐུ་ཚབ་བར་མཉམ་འབྲེལ་གསལ་བཤད་འཆར་ཟིན་བརྗེ་ལེན་བྱས་ཡོད་ཀྱང་འཆར་ཟིན་དེ་དེ་རིང་གཏན་འབེབས་ཐུབ་མིན་བཤད་ཚོད་མི་ཐིག་སྐོར་བརྗོད་འདུག་པ་དང་། ཕྱོགས་གཉིས་ཀྱི་འཆར་ཟིན་ནང་ཞིབ་ཕྲའི་གནས་ཚུལ་ག་རེ་བྲིས་ཡོད་མེད་འགྲེལ་བརྗོད་བྱས་མེད་པ་རེད།

བྱང་ཀོ་རི་ཡའི་སྐུ་ཚབ་རི་སན་གྷོན་(Ri Son Gwon)གྱིས། ད་ལན་ཕྱོགས་གཉིས་ནས་མི་མང་ལ་ལོ་གསར་ཀྱི་ལེགས་སྐྱེས་རྩ་ཆེན་ཞིག་འབུལ་དགོས་པ་ཞིག་ཆགས་ཡོད་པ་དང་། མི་གཅིག་ལས་མི་གཉིས་ཕྱིན་པ་ཡིན་ན་རྒྱང་ཐག་རིང་པོར་བསྐྱོད་ཐུབ་པའི་གཏམ་དཔེ་ཡོད་སྐོར་དང་། ལྷོ་བྱང་ཀོ་རི་ཡའི་ཕྱི་ནང་ཀུན་ཏུ་དེ་རིང་གི་གྲོས་མོལ་ལ་དགའ་སྤྲོ་དང་རེ་བ་ཆེན་པོ་བརྒྱབ་ཀྱི་ཡོད་པ་འདྲ་བོ་འདུག་སྟབས། བྱང་ཀོ་རི་ཡ་ཕྱོགས་ནས་དེ་རིང་གི་གྲོས་མོལ་གནས་ཚུལ་གསར་ལམ་ནས་མི་མང་ལ་དུས་ཐོག་གཏོང་འདོད་ཡོད་སྐོར་ཡང་བརྗོད་འདུག

འོན་ཀྱང་། རྒྱལ་སྤྱིའི་ཐོག་ནས་མི་ལོ་གཉིས་འགོར་རྗེས་ཀྱི་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་སྐུ་ཚབ་ཀྱི་གྲོས་མོལ་འདི་ལ་རེ་བ་ཆེན་པོ་ཞིག་འཆིང་གི་མེད་པ་འདྲ། ཆབ་སྲིད་དབྱེ་ཞིབ་པ་མང་པོ་ཞིག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྣེ་འཁྲིད་དེ་བྱང་ཀོ་རི་ཡ་ཁེར་རྐྱང་མཐར་སྐྲོད་གཏོང་བའི་ཐབས་ཇུས་སྣ་ཚོགས་འཐེན་གྱི་ཡོད་པའི་སྐབས་འདིར། ཁེམ་ཇོང་ཨན་གྱིས་འཕྲལ་དུ་ལྷོ་བྱང་གཉིས་བར་མཐོ་རིམ་སྐུ་ཚབ་ཀྱི་གྲོས་མོལ་མགོ་བཙུགས་ཏེ། རྒྱལ་ཁབ་གཞན་གྱིས་ཁོ་རང་ལ་སྤྲད་པའི་གནོན་ཤུགས་ཆུང་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་དང་། ལྷོ་བྱང་བར་གྲོས་མོལ་བྱས་ན་རྒྱལ་ཁབ་གཞན་གྱིས་དེ་ལ་འགོག་རྒོལ་བྱེད་ཐབས་མེད་ཀྱང་། ལྷོ་བྱང་གཉིས་དང་རྒྱལ་སྤྱིའི་ཐོག་འཇིགས་སྣང་ཅན་དུ་གྱུར་བའི་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཚོད་ལྟ་རང་སོར་ལྷག་རྒྱུ་ཡིན་པ་མ་ཟད། བྱང་ཀོ་རི་ཡ་ཕྱོགས་ནས་ཨ་རི་དང་ལྷོ་ཀོ་རི་ཡ་བར་གྱི་མཉམ་འབྲེལ་དམག་སྦྱོང་འགོག་ཐབས་བྱེད་པའི་འཆར་གཞི་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པར་བཤད།

ལྷོ་བྱང་ཀོ་རི་ཡའི་འཐབ་འཁྲུག་འགོ་འཛུགས་ཚུལ།འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས། ཕྱི་ལོ་ ༡༩༡༠ ནས་ ༡༩༤༥ བར་ཉི་ཧོང་བཙན་རྒྱལ་རིང་ལུགས་ཀྱི་མི་སེར་སྤེལ་ཡུལ་དུ་གྱུར་བའི་ཀོ་རི་ཡའི་ནང་དུ་མཉམ་གྲོས་དྲང་ཐིག་སོ་བརྒྱད་པ་(38th Parallel)ཞེས་པ་ཞིག་གིས་ལྷོ་བྱང་གཉིས་སུ་བཅད་དེ། ཨ་རིས་ཀོ་རི་ཡའི་ལྷོ་ཕྱོགས་བཙན་བཟུང་བྱས་པ་དང་། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བྱང་ཕྱོགས་དབང་བསྒྱུར་སྟེ་ཕྱོགས་གཉིས་ཀྱི་དབང་ཤུགས་རྒྱུན་སྐྱོང་བྱས་ཡོད་པ་མ་ཟད། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀོ་རི་ཡའི་ནང་དབང་བསྒྱུར་གྱི་སྲིད་བྱུས་གཞི་རྒྱ་ཆེན་པོ་སྤེལ་བར་བརྟེན། ཨ་རི་དང་ཨུ་རུ་སུ་གཉིས་བར་ཀོ་རི་ཡ་དབང་བསྒྱུར་བྱེད་པའི་ཐོབ་ཐང་ཆ་མི་སྙོམས་པར་གྱུར། ཕྱི་ལོ་ ༡༩༤༦ ལོར་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོར་བསྡུས་པའི་(Moscow Conference)ལྷན་ཚོགས་ཐོག ཨ་རིའི་གཞུང་ནས་དབང་ཤུགས་འདྲ་མཉམ་གྱི་དགོས་འདུན་བཏོན་པ་ལྟར་ཨ་རི་དང་ཨུ་རུ་སུ་གཉིས་ལ་ལོ་ལྔའི་རིང་ཀོ་རི་ཡར་དོ་དམ་གྱི་འགན་དབང་སྤྲད་པ་དང་། ལོ་ལྔའི་རྗེས་ནས་ཀོ་རི་ཡ་རང་བཙན་རྒྱལ་ཁབ་ཀྱི་ངོ་བོར་སླར་གསོ་བྱེད་པའི་སྐྱ་ཐིག་ཅིག་འཐེན་ཡོད་པར་བཤད། ཡིན་ནའང་། ཕྱིས་སུ་ཨ་རི་དང་ཨུ་རུ་སུ་གཉིས་བར་རྩོད་གཞི་བྱུང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུག་བྱས་པ་དང་། རྒྱལ་ཚོགས་ནས་ཚོགས་ཆུང་བཙུགས་ཏེ་ཀོ་རི་ཡ་སྲིད་གཞུང་གསར་དུ་འཛུགས་རྒྱུའི་དཔྱད་ཁྲ་བཏང་། ཨུ་རུ་སུའི་གཞུང་ནས་རྒྱལ་ཚོགས་ཀྱི་དཔྱད་ཁྲ་དང་ལེན་མ་བྱས་པར་བརྟེན། ཨ་རིའི་བཀོད་ཇུས་འོག་ཀོ་རི་ཡའི་ལྷོ་ཁུལ་གྱི་མ་རྩ་རིང་ལུགས་གཞུང་ནས་རྒྱལ་ཚོགས་ཀྱི་དཔྱད་ཁྲ་ལག་བསྟར་བྱས་ཏེ། ཕྱི་ལོ་ ༡༩༤༨ ཟླ་ ༨ ཚེས་ ༡༥ ཉིན་ཀོ་རི་ཡའི་སྤྱི་མཐུན་རྒྱལ་ཁབ་(Republic of Korea)དབུ་བརྙེས་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། སིན་མན་རི་(Syngman Rhee)ཡིས་ལྷོ་ཀོ་རི་ཡའི་སྲིད་དབང་བཟུང་ཡོད་པ་དང་། ཁོང་དེ་སྔོན་ཨ་རིའི་ནང་ལོ་མང་སྐྱབས་བཅོལ་དུ་ཕྱིན་མྱོང་ཡོད་འདུག

ཀོ་རི་ཡ་སྤྱི་མཐུན་རྒྱལ་ཁབ་བམ་ལྷོ་ཀོ་རི་ཡ་དབུ་བརྙེས་པ་ཡོངས་བསྒྲགས་བྱས་ཏེ་ཡུན་རིང་མ་འགོར་བར་ལོ་དེའི་ཕྱི་ཟླ་ ༩ ཚེས་ ༩ ཉིན། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་ཡོད་པའི་བྱང་ཁུལ་དམར་ཤོག་རིང་ལུགས་གཞུང་གིས། ཀོ་རི་ཡ་མི་མང་དམངས་གཙོ་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་བམ་བྱང་ཀོ་རི་ཡ་(Democratic People’s Republic of Korea)དབུ་བརྙེས་པ་ཡོངས་བསྒྲགས་བྱས་ཏེ། ཁེམ་ཨིལ་སུང་(Kim Il-sung) གིས་སྲིད་དབང་བཟུང་ཡོད་པ་དང་། ཁེམ་ཨིལ་སུང་གིས་དེ་སྔོན་རྒྱ་ནག་གུང་ཁྲན་ཏང་དང་གོ་མིན་ཏང་གཉིས་ཀྱི་ནང་འཁྲུག་ཁྲོད་དམར་ཤོག་རིང་ལུགས་གུང་ཁྲན་ཏང་གི་འཐབ་དམག་དང་དཔུང་པ་མཉམ་གཤིབ་ཀྱིས་དམར་འཛིང་བྱས་ཡོད་པ་དང་། ཁོང་ནི་ད་ལྟའི་བྱང་ཀོ་རི་ཡའི་སྲིད་འཛིན་ཁེམ་ཇོང་ཨན་གྱི་སྤོ་པོ་ཡིན་འདུག

ཀོ་རི་ཡ་ཁ་འཐོར་དུ་བཏང་སྟེ་ལྷོ་བྱང་གཉིས་སུ་གྱེས་རྗེས། ཕྱོགས་གཉིས་ཀྱི་སྲིད་དབང་བརྟན་ལྷིང་མེད་པའི་ཁར་ཀོ་རི་ཡ་གླིང་ཕྲན་ཕྱེད་མའི་ཁྲིམས་མཐུན་དབང་བསྒྱུར་གཞུང་སུ་ཡིན་མིན་གྱི་རྩོད་གཞི་ཉིན་རེ་བཞིན་རྣོ་ངར་ཆེ་རུ་ཕྱིན་ཡོད་པ་དང་། ལྷོ་བྱང་ཀོ་རི་ཡའི་འཐབ་འཁྲུག་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྷོ་ཀོ་རི་ཡར་རྒྱབ་སྐྱོར་བྱས་པ་དང་། ཨ་རིས་བྱང་ཀོ་རི་ཡ་དང་རྒྱ་ནག་ལ་རྒོལ་རྡུང་གཏོང་བའི་དམག་འཁྲུག་ཅིག་ཆགས་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་གཞན་གྱི་དམག་དཔུང་ཡང་འཐབ་འཁྲུག་ནང་འཛུལ་ཞུགས་བྱས་ཡོད་ཀྱང་། དམག་འཁྲུག་མང་ཆེ་བར་ཨ་རིའི་དམག་དཔུང་གིས་གདོང་མཆོང་བྱས་ཏེ་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་དཔུང་ཤུགས་ཆེས་ཆེར་བརྡར་བའི་གྲང་དམག་གི་རྒྱུན་རིང་བའི་འཐབ་འཁྲུག་ཆེན་མོ་བྱུང་།

འཐབ་འཁྲུག་ཐོག་མར་མགོ་རྩོམ་སྐབས་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བྱང་ཀོ་རི་ཡར་རྒྱབ་སྐྱོར་བྱས་སྟེ་མཚོན་ཆ་དང་འཐབ་འཁྲུག་ཁྲབ་འཁོར་(坦克)འབོར་ཆེན་མཁོ་སྤྲོད་བྱས་ཏེ་ཇུས་སྟོན་བྱས་ཡོད་ཀྱང་། དམག་འཁྲུག་བརྒྱབས་སྟེ་ཡུན་རིང་མ་འགོར་བར་རྒྱ་ནག་ནི་བྱང་ཀོ་རི་ཡའི་ཆེས་གལ་གནད་ཅན་གྱི་མནའ་མཐུན་རྒྱལ་ཁབ་ཅིག་ཏུ་གྱུར་བ་མ་ཟད། འཐབ་དམག་གི་དཔུང་སྡེ་ཆེན་མོ་བྱང་ཀོ་རི་ཡའི་ནང་ཆེད་གཏོང་གིས་དམར་འཛིང་བྱེད་དུ་བཅུག སྐབས་དེར་རྒྱ་ནག་གི་མགོ་འཁྲིད་མའོ་ཙེ་ཏུང་གིས་རྒྱ་དམག་བྱང་ཀོ་རི་ཡའི་དཔུང་རོགས་སུ་ཕྱིན་པ་དེ་ནི་རྒྱ་ནག་ནང་འཁྲུག་སྐབས་དམག་རོགས་སུ་ཡོང་བའི་བྱང་ཀོ་རི་ཡའི་དམར་ཤོག་རིང་ལུགས་པ་ཚོར་བཀའ་དྲིན་མཚོན་བྱེད་ཅིག་ཡིན་པར་བཤད།

སྟོབས་ཆེན་རྒྱལ་ཁབ་ཁག་གི་རྒྱབ་རྟེན་བྱས་པའི་ལྷོ་བྱང་ཀོ་རི་ཡའི་འཐབ་འཁྲུག་ཁྲོད་མི་རྒྱུ་གཉིས་ལ་ཆག་སྒོ་ཆེན་པོ་བྱུང་ཡོད་པ་དང་། ལོ་རྒྱུས་རིག་པ་བ་ཚོས་བརྗོད་ན། མི་གྲངས་ས་ཡ་ ༣ ནས་ ༤ བར་དམར་གསོད་བཏང་ཡོད་པ་དང་། དམར་གསོད་ཐེབས་པ་བརྒྱ་ཆ་ ༧༠ མི་མང་དཀྱུས་མ་ཡིན་འདུག ཡིན་ནའང་། བྱང་ཀོ་རི་ཡ་གཞུང་ནས་སྐབས་དེར་མི་ག་ཚོད་ཅིག་དམར་གསོད་བཏང་ཡོད་མེད་ཀྱི་གྲངས་ཐོ་ངེས་ཅན་ཞིག་ཡོངས་བསྒྲགས་བྱས་མེད་སྟབས། ད་ལྟའང་ཚེ་སྲོག་གི་གོད་ཆག་ཆེན་མོ་དེའི་ཁྲོད་མི་ག་ཚོད་ཅིག་ལ་ཤི་རྨས་བྱུང་ཡོད་མེད་གསལ་ཆ་མེད་པར་རིམ་བཞིན་ལོ་རྒྱུས་ཀྱིས་ཁྱུར་མིད་གཏོང་གིན་ཡོད་པ་རེད།

ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་ཁྲོད་ཨ་རི་དང་རྒྱ་ནག་གཉིས་ཀྱི་དཔུང་དམག་བར་འཐབ་འཁྲུག་གི་མེ་ལྕེ་ཆེན་པོ་འབར་ཡོད་པ་མ་ཟད། དེ་ནི་ཨ་རྒྱ་བར་རྒྱུན་མ་ཆད་པར་ལྷག་ཡོང་བའི་གདོང་ཐུག་གི་དམར་འཛིང་ཐོག་མ་དེ་ཆགས་ཡོད་པ་དང་། མཐར་ཕྱི་ལོ་ ༡༩༥༣ ལོར་བྱང་ཀོ་རི་ཡ་དང་རྒྱ་ནག ཨ་རི་བཅས་ཀྱིས་ཆིངས་ཡིག་བཞག་སྟེ་དམག་འཁྲུག་མཚམས་འཇོག་རྒྱུ་བྱས་ཡོད་ཀྱང་། ལྷོ་ཀོ་རི་ཡས་དམག་མཚམས་འཇོག་པར་མོས་མཐུན་བྱས་མེད་པ་དང་། ལྷོ་ཀོ་རི་ཡའི་དམག་དཔུང་དང་མི་མང་གིས་སྲིད་གཞུང་ལ་ངོ་རྒོལ་བྱས་ཏེ་ཁྲོམ་སྐོར་སྐད་འབོད་ཡང་བྱས་ཡོད་པ་རེད། གང་ལྟར་ད་ལྟ་བར་དུ་ཕྱོགས་སོ་སོ་ནས་དོན་ལྡན་གྱི་ཞི་བའི་ཆིངས་ཡིག་ཅིག་ལ་མིང་རྟགས་བཀོད་མྱོང་མེད་པར་བརྟེན། རྒྱབ་ལངས་ཕྱོགས་སྒྲིག་གི་འཐབ་འཁྲུག་རྒྱུན་མ་ཆད་པར་བྱུང་བ་མ་ཟད། ཁེམ་བྱང་ཀོ་རི་ཡ་གཞུང་གིས་ཨུ་རུ་སུ་དང་རྒྱ་ནག་གི་དབང་ཤུགས་ལ་ཁ་གཏད་དྲག་པོ་བཅགས་ཏེ་བཙན་རྒྱལ་རིང་ལུགས་ཀྱི་བཟོ་ལྟ་རྒྱལ་སྤྱིའི་ཐོག་མངོན་གྱི་ཡོད་པ་རེད།

གསར་འགོད་པ། པདྨ་མཚོས་བསྡུ་སྒྲིག་བྱས།

བསྐྱར་བཅོས།: ༢༠༡༨/༠༡/༡༠

Leave a Reply

One thought on “ལྷོ་བྱང་ཀོ་རི་ཡའི་གྲོས་མོལ་གྱིས་ཕྱོགས་གཉིས་ཀྱི་མི་མང་ལ་ལོ་གསར་གྱི་ལེགས་སྐྱེས་རྩ་ཆེན་འབུལ་དགོས་ཟེར།

  1. བསྟན་འཛིན་དོན་ལྡན།

    པདྨ་མཚོ་ལགས། བཀྲ་ཤིས་བདེ་ལེགས། ཁྱེད་རང་གི་གསར་འགྱུར་རྣམས་ཀློག་པར་ཧ་ཅང་དགའ་བོ་ཡོད་དེ། དེང་སང་རང་གི་གསར་འགྱུར་མང་པོ་མཐོང་རྒྱུ་མི་འདུག དེ་རིང་ལྷོ་བྱང་ཀོ་རེ་ཡ་བར་གྱི་གྲོས་མོལ་དང་འབྲེལ་བས་ལོ་རྒྱུས་ཀྱི་ཡ་ང་བའི་གནས་ཚུལ་ཕྱོགས་བསྡུས་ཧ་ཅང་ཡག་པོ་ཞིག་གནང་འདུག་པར་ བཀའ་དྲིན་ཆེ། མ་འོངས་པར་དུས་ཚོད་གང་ཡོད་ཀྱི་གསར་འགྱུར་གང་མང་སྤེལ་རོག་ཞུ།