འཁྱག་པའི་ཞྭ་དཀར་གྱོན་པའི་བུ་ཆུང་།

ཡུན་ནན་ཞིང་ཆེན་ལུའུ་ཏེན་རྫོང་ཁོངས་ཀྱི་ཉམ་ཐག་པའི་སློབ་ཆུང་སློབ་མ་ཞིག་གི་མགོ་ལ་འཁྱག་པ་ཆགས་ཏེ་དཀར་པོར་གྱུར་བའི་འདྲ་པར་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་རྗེས་རི་གྲོང་ན་བདག་མེད་དུ་གྱུར་བའི་བྱིས་པ་དང་རྒན་འཁོགས་ཚོར་སྲིད་གཞུང་གིས་བདག་སྐྱོང་ཁ་ཡོད་ལག་ཡོད་པའི་དྲན་སྐུལ་ཐེངས་གཅིག་བྱས།

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ནི་ཡུན་ནན་ཞིང་ཆེན་གྱི་བྱང་ཤར་དུ་ཡོད་པའི་ལུའུ་ཏེན་རྫོང་ཞིན་ཇེ་གྲོང་ཚོའི་ཀྲན་ཧྲན་པའོ་རེ་སྨོན་སློབ་ཆུང་གི་ལོ་འཁོར་རྒྱུགས་སྤྲོད་ཀྱི་ཉིན་དང་པོ་ཡིན་པ་དང་། རང་ལོ་ ༨ ཡིན་པའི་སློབ་ཕྲུག་ཆུང་ཆུང་ཝང་ཧྥའུ་མེན་སྔ་བོ་ནས་མལ་ལས་ལངས་ཏེ་རྒྱང་ཐང་སྤྱི་ལེ་ ༤།༥ སར་ཡོད་པའི་སློབ་གྲྭར་ཕྱིན་པ་དང་། གནམ་གཤིས་འཁྱག་གྲངས་ཀོར་ཐིག་མན་གྱི་ ༩ ཡིན་པའི་ཞོགས་པ་དེར་ལམ་བར་རི་སུལ་གྱི་རྩི་ཤིང་ཡོད་ཚད་གངས་ཀྱིས་བཟུང་སྟེ་དཀར་སང་ངེར་གྱུར་ཞིང་། ཀྲན་ཧྲན་པའོ་རེ་སྨོན་སློབ་ཆུང་གི་སྒོ་ཆེན་ཡང་གངས་འཁྱག་གིས་གཡོགས་ཏེ་ཁོར་ཡུག་དང་གཞི་གཅིག་ཏུ་འདྲིས་པ་ལྟར་སྣང་། ཐག་རིང་གི་ལམ་ཐག་བརྒྱུད་དེ་བུ་ཆུང་ཝང་འཛིན་ཁང་དུ་འཛུལ་སྐབས། ཁོའི་མགོ་དང་སྨིན་མར་འཁྱག་པ་བརྒྱབས་ཏེ་དཀར་ཟང་ངེར་ཡོད་སྟབས། འཛིན་གྲོགས་ཚོ་གད་མོ་བགད་དེ་རྒྱུ་མ་ན་རུ་བཅུག་ཅིང་འཛིན་ཁང་ཡོངས་སུ་དགོད་སྒྲས་ཁེངས་བར་གྱུར།

མགོ་དང་སྨིན་མ་འཁྱག་པས་བཟུང་ཞིང་སྟོད་ལྭ་སེར་སྐྱ་སྲབ་སྲབ་ཅིག་གྱོན་པའི་བུ་ཆུང་ཝང་གི་འདྲ་པར་དང་གྲང་རེག་གིས་ཕྱིད་པའི་ལག་ཟུང་ཆུང་ཆུང་། ད་དུང་རྒྱུགས་འབྲས་བརྒྱ་ཆ་ ༡༠༠ ནས་བརྒྱ་ཆ་ ༩༩ བླངས་བའི་པར་རིས་རྣམས་སྤྱི་ཚོགས་དྲ་ལམ་དུ་ཁྱབ་རྗེས། མི་མང་པོར་སེམས་འགུལ་ཐེབས་ཏེ་བུ་ཆུང་ཝང་ལ་ཡི་རང་བསྔགས་བརྗོད་བྱེད་མཁན་དང་། བུ་ཆུང་ཝང་ལ་རོགས་རམ་བྱེད་འདོད་ཀྱིས་རྩད་གཅོད་གཏོང་མཁན་ཧ་ཅང་མང་པོ་བྱུང་སྟབས། ས་གནས་གསར་འགོད་པ་བུ་ཆུང་ཝང་གི་ཁྱིམ་དུ་ཕྱིན་ཏེ་བཅར་འདྲི་བྱས་ཡོད་པ་དང་། ས་གནས་སྲིད་གཞུང་གིས་ཀྲན་ཧྲན་པའོ་རེ་སྨོན་སློབ་ཆུང་གི་གཞུང་འབྲེལ་སྤྱི་ཚོགས་དྲ་ལམ་བརྒྱུད་དེ། ས་གནས་ཀྱི་ཉམ་ཐག་བྱིས་པ་ཚོར་དགུན་དུས་ཀྱི་གྱོན་གོས་ཞལ་འདེབས་གནང་དགོས་པའི་འབོད་སྐུལ་བྱས་ཏེ་རེ་སྨོན་སློབ་ཆུང་གི་སྡོད་གནས་ཁ་བྱང་མཁོ་སྤྲོད་བྱས། ཕྱིས་སུ་རྒྱ་ནག་དབུས་བརྙན་འཕྲིན་ཁང་གིས་ཉེ་འཁོར་གྲོང་ཁྱེར་ཀྲོ་ཏུང་གི་ན་གཞོན་འཕེལ་རྒྱས་ཐེབས་རྩ་ཁང་གི་དངུལ་བྱང་གི་ཨང་གྲངས་དང་ཁ་བྱང་། འབྲེལ་གཏུག་ཁ་པར་ཨང་གྲངས་བཅས་མཁོ་སྤྲོད་བྱས་པ་མ་ཟད། རོགས་དངུལ་སྤྲོད་མཁན་ཚོས་ཉམ་ཐག་གཅེན་གཅུང་གཉིས་ཀྱི་ལག་ཏུ་དངུལ་མི་སྤྲོད་པར་ས་གནས་ཀྱི་བྱིས་པ་ཉམ་ཐག་ཡོངས་ལ་སྤྲོད་དགོས་སྐོར་བསྒྲགས་པར་བརྟེན། སྤྱི་ཚོགས་བརྒྱུད་ལམ་ནས་སྲིད་གཞུང་གི་བྱ་སྤྱོད་དེར་སྐྱོན་བརྗོད་ཤུགས་ཆེན་བྱེད་བཞིན་འདུག

འཁྱག་པའི་ཞྭ་དཀར་གྱོན་པའི་བུ་ཆུང་ཝང་ཧྥའུ་མེན་ནི། ཀྲན་ཧྲན་པའོ་རེ་སྨོན་སློབ་ཆུང་ནས་རྒྱང་ཐག་སྤྱི་ལེ་ ༤།༥ ཙམ་གྱི་སར་ཡོད་པའི་མཐའ་འཁོབ་ཀྱི་རི་གྲོང་ཆུང་ཆུང་ཞིག་ནས་ཡིན་པ་དང་། ཁོའི་ཕ་མ་གཉིས་གཉེན་འཐོར་ཏེ་ཨ་མ་ཡུལ་གཞན་དུ་བྲོས་ཕྱིན་ཡོད་པ་དང་། ཨ་ཕས་གྲོང་ཁྱེར་ཞིག་ཏུ་ཞོར་ལས་བྱེད་ཀྱི་ཡོད་སྟབས། རི་གྲོང་གི་རང་ཁྱིམ་དུ་རང་ལོ་བཅུ་གྲངས་ཡིན་པའི་བུ་ཆུང་ཝང་གི་གཅེན་མོ་དང་རྨོ་མོ་ལས་མེད་ཅིང་། ཉིན་ལྟར་བུ་ཆུང་ཝང་གིས་ཕར་འགྲོ་ཚུར་འོང་གི་ལམ་ཐག་སྤྱི་ལེ་ ༩ ལ་གོམ་པ་བརྒྱབས་རྗེས་ད་བཟོད་སློབ་གྲྭ་ནས་རང་ཁྱིམ་དུ་འབྱོར་ཐུབ་ཀྱི་ཡོད་འདུག

གསར་འགོད་པས་བུ་ཆུང་ཝང་ལ་བཅར་འདྲི་བྱེད་སྐབས་ཁོས། རང་ཁྱིམ་དུ་བསླེབས་རྗེས་ཁོས་ཞིང་ཁའི་ནང་རྨོ་མོ་ལགས་ལ་རོགས་པ་བྱེད་ཀྱི་ཡོད་ལ། ནར་སོན་ན་ཁོ་རང་ཉེན་རྟོག་པ་ཞིག་བྱེད་འདོད་ཡོད་སྐོར་དང་། ཆེས་འགྲོ་འདོད་ཆེ་བའི་ས་ཆ་ནི་པེ་ཅིན་ཡིན་ལ། པེ་ཅིན་གྱི་སློབ་ཕྲུག་ཚོས་སློབ་སྦྱོང་ཇི་ལྟར་བྱེད་ཀྱི་ཡོད་པ་མཐོང་འདོད་ཡོད་པ་དང་། ཉིན་ལྟར་རི་གྲོང་ནས་སློབ་གྲྭར་འགྲོ་སྐབས་གྲང་མོ་ཡོད་ཀྱང་དཀའ་ལས་ཧ་ཅང་ཁག་པོ་མེད་ལ། ལོ་གསར་པའི་ནང་ཁོས་སློབ་སྦྱོང་ལ་ཧུར་ཐག་བྱས་ཏེ་དངུལ་ཏོག་ཙམ་བསག་ནས་རྨོ་ལགས་ལ་སྨན་ཉོ་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག བུ་ཆུང་ཝང་གི་ཨ་ཕས་བརྗོད་ན། ཁོས་གྲོང་ཁྱེར་དུ་ཞོར་ལས་བྱས་ཏེ་ཟླ་རེར་གླ་ཆ་རྒྱ་སྒོར་ ༣༠༠༠ ཙམ་ཡོད་པ་དང་། ཟླ་བཞི་ལྔའི་ནང་ཁྱིམ་དུ་ཐེངས་གཅིག་ལོག་ཐུབ་པར་འབད་བརྩོན་དང་། བདུན་ཕྲག་གཅིག་ནང་ཁྱིམ་དུ་ཁ་པར་ཐེངས་གཅིག་གཏོང་གི་ཡོད་སྐོར་བརྗོད་འདུག

བུ་ཆུང་ཝང་གི་གནས་ཚུལ་རྒྱ་ནག་རྒྱལ་ཡོངས་ཕྱི་ནང་དུ་ཁྱབ་སྟེ་གསར་འགོད་པ་དང་སེམས་བཟང་གཏོང་ཕོད་ཅན་ཚོ་ཁོའི་ཁྱིམ་དུ་ལྟ་རུ་བསླེབས་པ་དང་། ཟླ་ཤས་རིང་མཐོང་མ་ཐུབ་པའི་ཝང་གི་ཨ་ཕ་ཡང་གྲོང་ཁྱེར་ནས་རང་ཁྱིམ་དུ་ལོག་སྟེ། མཐའ་འཁོབ་ཀྱི་རི་གྲོང་གཅིག་ན་ཞིག་རལ་བདག་མེད་ལྟར་གྱུར་བའི་ས་ཁང་དེ་ཞག་གཅིག་གི་ནང་ཚ་སོབ་སོབ་ཀྱི་ཁྱིམ་གཞིས་ཤིག་ཏུ་གྱུར་བ་མ་ཟད། རྒྱ་ནག་གི་རི་གྲོང་དག་ན་བདག་མེད་དུ་ལུས་པའི་བྱིས་པ་ཆུང་ཆུང་དང་རྒན་འཁོགས་ཁྲི་སྟོང་མང་པོར་ཡང་དོ་སྣང་གསར་པ་ཞིག་བསླེབས་པའི་གོ་སྐབས་བསྐྲུན།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༨/༠༡/༡༡

Leave a Reply

2 thoughts on “འཁྱག་པའི་ཞྭ་དཀར་གྱོན་པའི་བུ་ཆུང་།

  1. ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་རྒྱ་མི་རིགས་འདི་ཚོའི་རིགས་ཞེན་ལ་།གཞུང་པ་གཙོས་པའི་ཕྱི་ནང་ངོ་མི་ཤེས་པའི་ཁ་བརྡ་ནང་གི་དྭ་འབུ་དེ་ཚོའི་མི་དཔེ་བལྟ་འོས་།

  2. གཞུང་པ་ཚེ་དབང་བསོད་ནམས་

    ནམ་ཡང་ཡིད་ཆེས་མེད་དོ་རྒྱ་རོ་ཕ་རོ་ཟ་རྒྱུ་མི་གི་འགོ་ལ་ཁྱག་པ་ཆགས་པའི་ལོ་རྒྱུས་གོ་མ་མྱོང་ལ་མཐོང་མ་མྱོང་གལ་སྲིད་མི་གི་མགོ་ལ་ཁྱག་པ་ཆགས་ཡོད་ན་ཡག་རྟགས་མ་རེད་རྒྱ་ནག་འཇིག་པའི་སྔོན་བརྡ་རེད་དོ་།