བོད་ཡིག་བཀོལ་སྤྱོད་ཀྱི་སྲོལ་ཡིག་གཏན་འབེབས་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ནང་བོད་ཡིག་དང་བོད་རྒྱ་ཡིག་རིགས་གཉིས་མཉམ་སྤྱོད་སྐོར་ལ་སྒྲིག་ཡིག་ཅིག་གཏན་འབེབས་བྱས་ཡོད་འདུག

དེ་རིང་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་<< བོད་ཡིག་སྤྱོད་ཡིག་དོ་དམ་བྱེད་ཐབས>>་ཞེས་པའི་དོན་ཚན་ ༡༣ ཅན་གྱི་སྒྲིག་ཡིག་ཅིག་གཏན་འབེབས་བྱས་ཡོད་པ་དང་། སྐད་ཡིག་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་ཡིག་དེ་ནི་རྒྱ་གཞུང་གི་རྩ་ཁྲིམས་དང་མི་རིགས་ས་ཁུལ་གྱི་བཅའ་ཡིག་སོགས་གཞི་རྩར་བཞག་སྟེ་གཏན་འབེབས་བྱས་ཡོད་པ་ལྟར། འབྲེལ་ཡོད་གཙོ་གཉེར་ལས་ཁུངས་ཁག་ནས་ལྟ་སྐུལ་འགན་ལེན་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ལས་བྱེད་ཚོས་རང་ཉིད་གང་གི་ཁོངས་སུ་གཏོགས་ན་སྡེ་ཁག་དེའི་བོད་སྐད་ཡིག་བཀོལ་སྤྱོད་ཀྱི་འགན་ལེན་དགོས་པ་དང་། སྒྲིག་ཡིག་གི་ནང་དོན་དང་འགལ་ཚེ་ཆད་པ་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག

ཐེངས་འདིར་གཏན་འབེབས་བྱས་པའི་བོད་ཡིག་བཀོལ་སྤྱོད་ཀྱི་སྒྲིག་གཞི་ནང་དུ་རིམ་པ་སོ་སོའི་ལས་ཁུངས་ཚང་མའི་མིང་དང་སྒོ་བྱང་། གཞུང་ཐམ། གཞུང་ཡིག་གི་ཁ་བྱང་། ཡིག་ཤུབས། དཔང་ཡིག སྦྲག་སྲིད། བྱ་དགའི་བྱང་བུ། དེ་བཞིན་གཞུང་སྒེར་གྱི་ཁེ་ལས་བཟོ་ཚོང་ཁང་དག་གི་མིང་དང་སྒོ་བྱང་། ཚོང་རྟགས། ཐོན་རྫས་ཀྱི་མིང་། ཐོན་རྫས་ཀྱི་རིན་གོང་རེའུ་མིག གཞན་ཡང་། ས་ཁུལ་གྱི་ཚགས་པར་དང་དུས་དེབ་ཀྱི་མིང་། སྲང་ལམ་གྱི་མིང་དང་ལམ་རྟགས། རླངས་འཁོར་ས་ཚིགས་ཀྱི་མིང་དང་རླངས་འཁོར་གཏོང་རིམ། དུས་ཚོད་རེའུ་མིག འགྲིམ་འགྲུལ་མཚོན་རྟགས་སོགས་ཚང་མར་བོད་ཡིག་བེད་སྤྱོད་དགོས་སྐོར་འཁོད་འདུག

ཡང་བོད་རྒྱ་ཡིག་རིགས་གཉིས་ཤན་སྦྱར་གྱི་སྒྲིག་གཞིའི་ནང་དུ། བོད་རྒྱ་ཡིག་རིགས་གཉིས་མཉམ་སྤྱོད་སྐབས་བོད་ཡིག་གཡས་ཕྱོགས་དང་རྒྱ་ཡིག་གཡོན་ཕྱོགས གོང་འོག་ཏུ་འཇོག་སྐབས་བོད་ཡིག་གོང་དང་རྒྱ་ཡིག་འོག ཡིག་རིགས་གཉིས་འཕྲེད་དུ་འབྲི་སྐབས་བོད་ཡིག་སྔོན་དང་རྒྱ་ཡིག་རྗེས་ལ་འབྲི་དགོས། ཟླུམ་གཟུགས་ལྟར་འབྲི་སྐབས་གཡས་ཕྱོགས་ཀྱི་ཟླུམ་ཕྱེད་དུ་བོད་ཡིག་དང་གཡོན་ཕྱོགས་ཀྱི་ཟླུམ་ཕྱེད་དུ་རྒྱ་ཡིག་འཇོག་དགོས། གཞན་ཡང་། ཕྱི་རྒྱལ་གྱི་ཡིག་རིགས་སམ་ཡང་ན་གྲངས་ཉུང་མི་རིགས་གཞན་གྱི་ཡི་གེ་མཉམ་དུ་འབྲི་དགོས་ཚེ། དང་པོ་བོད་ཡིག་དང་གཉིས་པ་རྒྱ་ཡིག དེ་ནས་ཕྱི་ཡིག་གམ་གྲངས་ཉུང་མི་རིགས་གཞན་གྱི་ཡི་གེའི་གོ་རིམ་ལྟར་སྒྲིག་དགོས་ཀྱི་ཡོད་སྐོར་འཁོད་འདུག

བོད་ཡིག་བཀོལ་སྤྱོད་ཀྱི་གཏན་འབེབས་སྒྲིག་གཞི་དང་འགལ་ཚེ། བོད་ཡིག་བཀོལ་སྤྱོད་ཀྱི་འབྲེལ་ཡོད་ལས་བྱེད་མི་སྣས་ལས་འགན་ལ་སྣང་མེད་དང་ལྷོད་གཡེང་། འགན་དབང་གང་བྱུང་དུ་སྤྱད་པའི་ཆད་པ་གཅོད་རྒྱུ་དང་། ནག་ཉེས་ཚབས་ཆེན་ཡིན་ན། ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། འབྲེལ་ཡོད་སྡེ་ཁག་ལ་འོས་འགན་ཡོད་པ་ལྟར་མཐུན་སྦྱོར་མཉམ་འབྲེལ་བྱས་ཏེ་བོད་རྒྱ་ཡིག་རིགས་གཉིས་ཀྱི་མཉམ་བཀོལ་བྱ་བའི་དྲིལ་སྒྲོག་ཟབ་སྦྱོང་དང་ལྟ་སྐུལ་བྱ་བ་ལེགས་པོར་བསྒྲུབ་སྟེ། འབྲེལ་ཡོད་ལས་ཁུངས་དང་གང་ཟག་སུ་ལ་འགན་འཁྲི་ཡོད་མེད་རྩད་གཅོད་བྱེད་པའི་ལམ་ལུགས་ལག་བསྟར་དགོས། རྩད་གཅོད་ལ་བསམ་བཞིན་དུ་གེག་རྒྱ་བཟོ་བ་དང་ཁྲིམས་སྤེལ་མི་སྣའི་གཞུང་དོན་སྒྲུབ་པར་བར་ཆད་བཟོ་མཁན་ལ་ཁྲིམས་ལྟར་རྩད་གཅོད་བྱེད་དགོས་པ་སོགས་འཁོད་འདུག

མཇུག་ཏུ་བོད་ཁུལ་དུ་བོད་རྒྱ་ཡིག་རིགས་གཉིས་བཀོལ་སྤྱོད་བྱེད་ཐབས་འདི་ཁུལ་དང་ཁུལ་ཁོངས་གཏོགས་ཀྱི་སྲིད་གཞུང་གི་ལས་ཁུངས་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག། དེ་བཞིན། ཁེ་ལས་ཚོང་གཉེར་ཁང་སོགས་ཀྱིས་བེད་སྤྱོད་དགོས་པ་མ་ཟད། ཞིང་ཆེན་གྱི་ཁུལ་དུ་སྡོད་པའི་ལས་ཁུངས་ཁག་དང་། རང་སྐྱོང་རྫོང་དང་མི་རིགས་ཡུལ་ཚོ་དག་གི་ལས་ཁུངས་དང་མི་སྒེར་བཅས་ནས་ཟུར་ལྟ་བཀོལ་སྤྱོད་དགོས་སྐོར་བསྒྲགས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༡/༢༠

Leave a Reply

2 thoughts on “བོད་ཡིག་བཀོལ་སྤྱོད་ཀྱི་སྲོལ་ཡིག་གཏན་འབེབས་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་

    བཀྲིན་ཆེ་ཐུགས་རྗེ་ཆེ་བོད་ཡིག་བཀོལ་སྤྱོད་ཀྱི་སྲོལ་ཡིག་སྒྲིག་གཞི་བཙན་བྱོལ་སྤྱི་ཚོགས་ནང་ངེས་པར་དུ་དགོས་པ་ཤིན་ཏུ་ནས་གལ་ཆེན་ལ་སོང་བློ་ལྡན་བོད་མི་བཙན་བྱོལ་བ་ཚང་མས་ཐུགས་བསམ་ཆེ་ཙམ་བཞེས་རོགས་གནང་ཐུགས་རྗེ་ཆེ་།