ཨ་རིའི་གཞུང་གི་ལས་ཁུངས་ཁག་ཅིག་སྒོ་རྒྱག་དགོས་བྱུང་།

རྩིས་ལོ་ ༢༠༡༨།༢༠༡༩ ལོའི་སྔོན་རྩིས་ནང་སྐྱབས་བཅོལ་གནད་དོན་གཙོ་བོར་གྱུར་བའི་གནད་དོན་ཁག་ཅིག་གི་ཐོག་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་གྲོས་ཁ་མ་མཐུན་པར་བརྟེན་གཞུང་འཛིན་སྤྱི་མཐུན་ཚོགས་པས་ལས་ཁུངས་ཁག་ཅིག་སྒོ་རྒྱག་དགོས་བྱུང་ཡོད་པ་རེད།

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ཆུ་ཚོད་ཀྱི་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོའི་གྲོས་ཚོགས་གོང་མའི་ཚོགས་འདུའི་ཐོག ཨ་རིའི་གཞུང་གི་རྩིས་ལོ་ ༢༠༡༨།༢༠༡༩ ལོའི་སྔོན་རྩིས་འཆར་ཟིན་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པ་གཉིས་གྲོས་ཁ་མ་མཐུན་པར་བརྟེན། ཨ་རིའི་སྤྱི་མཐུན་ཚོགས་པའི་ལས་བྱེད་སྟོང་ཕྲག་མང་པོས་ལས་མཚམས་བཞག་ཡོད་པ་དང་། ཨ་རིའི་རེས་གཟའ་ཟླ་བའི་ཉིན་གྱི་ཉིན་གུང་གྲོས་ཚོགས་ནང་བསྐྱར་དུ་འོས་བླུག་འཆར་ཡོད་འདུག

ཨ་རིའི་གཞུང་གི་རྩིས་ལོ་ ༢༠༡༨།༢༠༡༩ ཡི་སྔོན་རྩིས་འཆར་ཟིན་གྱི་དངུལ་འཕོན་ཆེན་པོ་ཞིག་ས་མཚམས་བརྟན་སྲུང་དང་མེག་སི་ཀོ་བར་གྱི་གྱང་ར་བརྟན་རྒྱག དམག་ཤུགས་ཆེ་རུ་གཏོང་ཐབས་སོགས་ལ་གཏོང་རྩིས་ཡོད་པ་དང་། དམངས་གཙོ་ཚོགས་པའི་འཐུས་མི་ཚོས་སྐྱབས་བཅོལ་བར་རོགས་སྐྱོབ་ཀྱི་གནད་དོན་གཙོ་བོར་གྱུར་བའི་གནད་དོན་ཁག་ཅིག་གི་ཐོག་མོས་མཐུན་མ་གནང་བར་བརྟེན། ཕྱོགས་གཉིས་བར་རྩོད་གླེང་ཆེན་པོ་བྱུང་སྟེ་གྲོས་ཚོགས་མཚམས་འཇོག་དགོས་ཁེལ་ཡོད་པ་དང་། དམངས་གཙོ་ཚོགས་པའི་འཐུས་མི་ཚོས་སྲིད་འཛིན་ཊོམ་ཕུ་དང་ལྷན་དུ་སྔོན་རྩིས་ཐད་གྲོས་མོལ་བྱེད་པའི་རེ་འདོད་གནང་གི་ཡོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་ལུགས་ལྟར་ན། གཞུང་གི་སྔོན་རྩིས་གཏན་འབེབས་བྱེད་པར་གྲོས་ཚོགས་འཐུས་མི་ ༡༠༠ ལས་འཐུས་མི་ ༦༠ ཡི་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་སྟབས། ད་ལྟ་སྤྱི་མཐུན་ཚོགས་པའི་འཐུས་མི་ ༥༡ གིས་རྒྱབ་སྐྱོར་གནང་གི་ཡོད་ཀྱང་། ད་དུང་དམངས་གཙོ་ཚོགས་པའི་འཐུས་མི་ཁག་ཅིག་གི་རྒྱབ་སྐྱོར་འཐོབ་དགོས་ཀྱི་ཡོད་འདུག ཁ་སང་ཆབ་སྲིད་ཚོགས་པ་གཉིས་ཀྱི་མགོ་འཁྲིད་ཁག་ཅིག་ནས་བར་འདུམ་བྱེད་པའི་ཚོགས་འདུ་བསྡུས་ཡོད་ཀྱང་། ཚོགས་ཐོག་ཏུ་ཕན་ཚུན་སྐྱོན་འཛུགས་བྱས་ཏེ་ཕན་ཐོགས་གང་ཡང་བྱུང་མེད་པ་རེད།

ཨ་རིའི་ཕྱི་ཚེས་ ༢༠ ཉིན་སྲིད་འཛིན་ཊོམ་ཕུས་དོན་དག་ཆུང་ཆུང་དེ་ཁས་ལེན་ཐུབ་པ་ཡིན་ན་ཕྱོགས་གཉིས་བར་གྱི་གནད་དོན་སེལ་ཐུབ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། ཡང་སྤྱི་མཐུན་ཚོགས་པས་ད་ལྟའི་གཞུང་འཛིན་ཚོགས་པ་ནས་ཞབས་ཞུའི་ལས་མཚམས་བཞག་པའི་རིང་གྲོས་མཐུན་གང་ཡང་འབྱུང་ཐུབ་རྒྱུ་མིན་སྐོར་བརྗོད་འདུག

ཨ་རིའི་གཞུང་ནས་གནས་སྐབས་རིང་ལས་མཚམས་བཞག་པའི་གནས་ཚུལ་ད་ལན་ཐེངས་དང་པོར་བྱུང་བ་མིན་པར་དེ་སྔོན་ཡང་ཐེངས་མང་བྱུང་འདུག བརྒྱུད་ལམ་གྱི་གནས་ཚུལ་ལྟར་ན། ཕྱི་ལོ་ ༡༩༧༧ ལོ་ནས་ད་ལྟའི་བར་དུ་ཨ་རིའི་གཞུང་འཛིན་རིམ་པའི་ཐོག་ནས་སྔོན་རྩིས་དང་འབྲེལ་བའི་གནད་དོན་ཐོག་གྲོས་འཆམ་མ་བྱུང་བར་བརྟེན་ཐེངས་ ༢༠ མ་ཟིན་ཙམ་ལ་གཞུང་གི་ལས་མཚམས་བཞག་ཡོད་པ་དང་། ལས་མཚམས་བཞག་པའི་དུས་ཡུན་ཐུང་ཤོས་ཉིན་གཅིག་དང་རིང་ཤོས་བདུན་ཕྲག་ཁ་ཤས་ལ་བཞག་ཡོད་འདུག གཞུང་གི་ལས་མཚམས་བཞག་པའི་གནས་ཚུལ་གསར་ཤོས་ཤིག་ནི། རྩིས་ལོ་ ༢༠༡༣།༢༠༡༤ ལོའི་སྔོན་རྩིས་འཆར་འབུལ་ནང་ཨོ་བྷ་མ་གཞུང་གི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཐད་ཆབ་སྲིད་ཚོགས་པ་གཉིས་གྲོས་ཁ་མ་མཐུན་པར་བརྟེན། ཉིན་གྲངས་ ༡༦ རིང་གཞུང་འཛིན་དམངས་གཙོ་ཚོགས་པས་ལས་མཚམས་བཞག་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༡/༢༤

Leave a Reply