ངས་སྲིད་དབང་སྒེར་གཅོད་བྱས་ན་མེ་མདས་རྒྱོབས།

ཧྥི་ལི་པིན་གྱི་སྲིད་འཛིན་ཌུས་ཊིར་གྱིས་ཁོས་སྲིད་དབང་སྒེར་གཅོད་བྱས་ན་རྩ་ཁྲིམས་དང་མི་མང་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་དམག་མིར་ཡོད་པས་ཁོ་རང་སྲིད་སྟེགས་ནས་མར་ཕབ་བཞག་ནའང་འགྲིག་སྐོར་བསྒྲགས་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན། ཧྥི་ལི་པིན་གྱི་སྲིད་འཛིན་ཌུས་ཊིར་(Rodrigo Duterte)གྱིས་ཡུལ་དེའི་མཱ་ཝབ་(Mawab)ཞེས་པའི་ས་གནས་སུ་དམག་གི་དུས་སྟོན་ཞིག་ཐོག  གལ་ཏེ་ཁོས་སྲིད་དབང་ཧམ་བཟུང་གིས་དབང་ཆ་སྒེར་གཅོད་བྱས་པ་ཡིན་ན་དམག་མི་དང་ཉེན་རྟོག་པས་མེ་མདས་བརྒྱབས་ཏེ་ཁོ་གསོད་ཆོག་སྐོར་བརྗོད་འདུག

དམག་གི་དུས་སྟོན་དེའི་ཐོག་སྲིད་འཛིན་ཌུས་ཊིར་གྱིས། གལ་ཏེ་ངས་སྲིད་དབང་འཛིན་པའི་དུས་ཡུན་ལས་ཉིན་གཅིག་བརྒལ་བ་ཡིན་ན། ཧྥི་ལི་པིན་གཞུང་གི་དྲག་དམག་དང་ཧྥི་ལི་པིན་རྒྱལ་ཡོངས་ཉེན་རྟོག་པར་བྱ་སྤྱོད་དེ་འགོག་པའི་ཐོབ་ཐང་ཡོད་ལ། རྩ་ཁྲིམས་དང་མི་མང་སྲུང་སྐྱོབ་བྱེད་དགོས་པ་ནི་ཁྱེད་ཚོའི་ལས་འགན་རེད། དངོས་གནས་དགོས་མཁོ་བྱུང་ཚེ་ངའི་སྲིད་འཛིན་དུས་ཡུན་མ་རྫོགས་གོང་ནས་སྲིད་སྟེགས་ནས་ཕབ་པའི་ཐོབ་ཐང་དམག་མི་ཚོར་ཡོད་པ་རེད། ཅེས་བརྗོད་ཡོད་འདུག

འདས་ལོར་ཧྥི་ལི་པིན་གྲོས་ཚོགས་ཀྱི་ཚོགས་འདུའི་སྟེང་སྲིད་འཛིན་ཌུས་ཊིར་གྱིས་ཡུལ་དེའི་རྩ་ཁྲིམས་ལེགས་བཅོས་བྱས་ཏེ་ལྐོག་ཟ་རུལ་སུངས་དང་སྲིད་གཞུང་གི་ཁྲིམས་ཇེ་དམ་དུ་གཏང་དགོས་སྐོར་བརྗོད་པར་བརྟེན། ཧྥི་ལི་པིན་གྱི་ཁྲིམས་རྩོད་པ་དང་ཆབ་སྲིད་པ། དེ་བཞིན་རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་ཁོས་སྲིད་དབང་གཅིག་སྡུག་ཀྱི་ཐབས་ཇུས་འཐེན་གྱི་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་རེད།

གནད་དོན་དེའི་ཐད་སྲིད་འཛིན་ཌུས་ཊིར་གྱིས། ང་སྲིད་དབང་སྒེར་གཅོད་ཀྱི་ལམ་ལ་འགྲོ་བར་གཏན་ནས་སྐྲག་སྣང་སྐྱེས་མི་དགོས། ང་ལ་དེ་ལྟ་བུའི་དམིགས་ཡུལ་གང་ཡང་མེད་ལ་དེ་ལྟར་བྱ་རྒྱུར་དགའ་བོ་ཡང་མེད། གལ་ཏེ་དེ་ལྟར་བྱས་པ་ཡིན་ན། དམག་མིས་ང་ལ་མེ་མདས་བརྒྱབ་སྟེ་བསད་ཆོག་པའི་བཀའ་བཏང་བ་ཡིན། ངའི་སྐད་ཆ་འདི་རྩེད་མོ་རྩེ་བ་གཏན་ནས་མིན། ཞེས་སོགས་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༡༦ ཟླ་ ༧ པའི་ནང་ཌུས་ཊིར་ཧྥི་ལི་པིན་གྱི་སྲིད་འཛིན་སྐབས་ ༡༦ པར་བདམས་ཐོན་བྱུང་ཡོད་པ་དང་། ཁོས་འདས་པའི་ལོ་ངོ་ ༢༢ རིང་ཧྥི་ལི་པིན་གྱི་སྲིད་གཞུང་ནང་ལས་ཀ་བྱས་ཡོད་སྟབས། ཧྥི་ལི་པིན་གྱི་ལོ་རྒྱུས་ནང་གི་སྲིད་འཛིན་གཞུང་ཞབས་ལས་ཡུན་རིང་ཤོས་དེ་ཆགས་ཡོད་འདུག ཁོ་སྲིད་འཛིན་དུ་བདམས་ཐོན་བྱུང་རྗེས། མྱོས་རྫས་ནག་ཚོང་དང་ངན་གོམས་གཏན་འགོག་ཡོང་ཆེད། ཧྥི་ལི་པིན་གྱི་དྲག་ཆས་ཉེན་རྟོག་པ་ཆེད་གཏོང་གིས་རྒྱལ་ཡོངས་ནང་མྱོས་རྫས་ནག་ཚོང་དང་། ངན་གོམས་ཀྱི་ཉེས་མིང་འོག་ཁྲིམས་བཤེར་གང་ཡང་མ་བྱས་པར་ཉུང་མཐར་མི་གྲངས་ ༧༠༠༠ དམར་གསོད་བཏང་པར་བརྟེན། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ནས་སྲིད་འཛིན་ཌུས་ཊིར་གྱི་ཁྲིམས་མེད་ལུགས་མེད་ཀྱི་དྲག་སྤྱོད་མཚམས་འཇོག་དགོས་པའི་ཉེན་བརྡ་ཐེངས་མང་གཏོང་དགོས་ཁེལ་ཡོད་པ་རེད།

སྲིད་འཛིན་ཌུས་ཊིར་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་འཛིན་མང་པོར་ཉེས་ཅན་པ་དང་། ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མར་གཞང་བཙོང་མའི་བུ་ཟེར་བ་སོགས་ཀྱི་མཚང་མིང་ནས་ཐེངས་མང་བོས་པ་དང་། ཕྱིས་སུ་ཕྱི་ལོ་ ༢༠༡༦ ལོར་ཁོ་རྒྱ་ནག་ཏུ་ཕྱིན་ཏེ་ཚོང་འབྲེལ་གྱི་རེ་བ་ཆེན་པོ་བརྒྱབས་ཡོད་ཀྱང་། ཕྱིར་ལོག་རྗེས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐུག་འཕྲད་བྱེད་སྐབས་ཞི་ཡིས་ཁོ་ལ་དབང་ཡོད་བཤད་ཡོད་པ་སོགས་ཀྱི་ངན་སྨད་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༡/༢༤

Leave a Reply

2 thoughts on “ངས་སྲིད་དབང་སྒེར་གཅོད་བྱས་ན་མེ་མདས་རྒྱོབས།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཁྲིམས་འགལ་སྒྲིག་འགལ་ཕྱོགས་གཏོགས་འོག་ཏུ་སྲུངས་།
    ཁྲིམས་འགལ་སྒྲིག་འགལ་འགོ་འདྲེན་འོག་ཏུ་སྲུངས་།
    ཁྲིམས་སྲུངས་སྒྲིག་སྲུངས་ཡ་རབས་བཟང་སྤྱོད་སྲུངས་།
    ཁྲིམས་སྲུངས་སྒྲིག་སྲུངས་ངོ་ཚའི་འོག་ཏུ་སྲུངས་།