བོད་རིགས་བུ་མོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་ལོ་རྒྱུས་རིག་པའི་ཐོག་ནས་གཙུག་ལག་རབ་འབྱམས་མཐར་ཕྱིན་གྱི་ཡིག་རྒྱུགས་ཁྲོད་ཨང་དང་པོ་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད་འདུག
ཁ་སང་རྒྱ་གར་ནུབ་ཕྱོགས་གྷོ་ཇི་ར་ཊིའི་རྒྱལ་ས་བྷ་རོ་ཌའི་མ་ཧ་ར་ཇ་ས་ཡ་ཇེ་རོ(Maharaja Sayajirao)ཞེས་པའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་མཛད་སྒོ་ཐེངས་ ༦༦ པའི་ཐོག བོད་རིགས་བུ་མོ་བསྟན་འཛིན་སྒྲོལ་མ་ལགས་སུ་ལོ་རྒྱུས་རིག་པའི་ཐོག་གཙུག་ལག་རབ་འབྱམས་པའི་རྩེ་ཕུད་ཨང་དང་པོའི་གསེར་གྱི་གཟེངས་རྟགས་ཐོབ་ཡོད་འདུག
འདི་གའི་གསར་འགོད་པར་ཁ་པར་བརྒྱུད་བསྟན་འཛིན་སྒྲོལ་མ་ལགས་ཀྱིས། སྤྱིར་བཏང་ང་རང་གི་སེམས་ནང་ལ་གཟེངས་རྟགས་དེ་འདྲ་ཞིག་ཐོབ་ཀྱི་ཡོད་པ་དྲན་མ་མྱོང་ཡང་། ཉིན་གཉིས་ཀྱི་སྔོན་དུ་དབུས་འཛིན་སྐྱོང་ནས་ཁ་པར་འབྱོར་ཏེ་ང་ལ་གསེར་གྱི་གཟེངས་རྟགས་ཐོབ་ཡོད་སྐོར་བརྗོད་བྱུང་། སྐབས་དེར་ང་རང་དགའ་ན་དགའ་མ་ཤེས། ངུ་ན་ངུས་མ་ཤེས་པར་ལྷག་སོང་ལ། ང་རང་ལ་གཟེངས་རྟགས་འདི་འདྲ་ཞིག་ཐོབ་པ་གཙོ་བོ་ཕ་མ་གཉིས་དང་བོད་ཁྱིམ་དགེ་རྒན་རྣམ་པའི་བཀའ་དྲིན་རེད་བསམ་གྱི་ཡོད། ཅེས་བརྗོད་བྱུང་།
མ་འོངས་མི་ཚེའི་དམིགས་ཡུལ་སྐོར་ལ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས། ངའི་ཕ་མ་གཉིས་ཀྱིས་ནམ་རྒྱུན་ང་ལ་སློབ་སྤྱོང་བྱས་ཏེ་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་དགོས་པའི་ལམ་སྟོན་གནང་གི་ཡོད་ལ། ང་རང་འཛིན་རིམ་བཅུ་གཉིས་ཐོན་རྗེས་གཙུག་ལག་སློབ་གཉེར་ཁང་འདིའི་ནང་ཞུགས་ཏེ། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སློབ་ཡོན་ཐོབ་སྟེ་སློབ་གཉེར་ཁང་འདི་ནས་གཙུག་ལག་རབ་འབྱམས་པའི་སློབ་མཐར་ཕྱིན་ཡོད་སྟབས། མ་འོངས་པར་བོད་མིའི་སྒྲིག་འཛུགས་གཙོས་བོད་པའི་སྤྱི་ཚོགས་ནང་ཞབས་ཞུ་སྒྲུབ་རྒྱུའི་དམིགས་ཡུལ་ཡོད། ཅེས་བརྗོད་བྱུང་།
ཡང་ལོ་རྒྱུས་རིག་པའི་སྐོར་ལ་མོས། མ་ཧ་ར་ཇ་གཙུག་ལག་སློབ་གཉེར་ཁང་དུ་བོད་རིགས་སློབ་ཕྲུག་ ༡༢༠ ཙམ་ཞིག་ཡོད་ཀྱང་། མང་པོ་ཞིག་གིས་ལོ་རྒྱུས་སྦྱང་ན་ཉོབ་ཏོ་ཆགས་པ་དང་། འདས་དོན་སྦྱང་ན་དགོས་པ་རྒྱུ་མཚན་མེད་སྐོར་བཤད་དེ་ལོ་རྒྱུས་ཀྱི་སློབ་ཚན་ལེན་མཁན་ཉུང་ཤས་ཤིག་ལས་མེད་སྐོར་དང་། རྒྱ་གར་སྤྱི་ཚོགས་ནང་བོད་དོན་ཐད་གོ་རྟོགས་ཞན་སྟབས། མོས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གཙོས་རྒྱལ་སྤྱིའི་རྒྱལ་རབས་ལོ་རྒྱུས་ཀྱི་སློབ་ཚན་ཁག་ལ་སློབ་སྤྱོང་བྱས་པ་ཡིན་སྐོར་བརྗོད་བྱུང་།
བསྟན་འཛིན་སྒྲོལ་མ་ལགས་ནི་ཕྱི་ལོ་ ༡༩༩༤ ལོར་མ་སུ་རིར་སྐྱེས་ཤིང་། འཛིན་རིམ་ལྔ་པ་ནས་བཅུ་བའི་བར་དྷ་ཤོད་བོད་ཁྱིམ་སློབ་གྲྭར་ཕྱིན་པ་དང་། འཛིན་རིམ་བཅུ་གཅིག་བཅུ་གཉིས་གོ་པ་པུལ་བོད་ཁྱིམ་སློབ་གྲྭར་ཕྱིན་ཡོད་འདུག མོའི་ཕ་མ་གཉིས་བོད་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོང་རྗེས། མ་སུ་རིར་གཞིས་ཆགས་ཡོད་ཀྱང་ད་ལྟའི་ཆར་མོའི་ཁྱིམ་ཚང་བཞུགས་སྒར་དྷ་རམ་ས་ལར་གནས་སྤོར་བྱས་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།