རྒྱ་གར་དམངས་གཙོའི་ཉིན་མོ་སྲུང་གཙི་གནང་།

དེ་རིང་ཞོགས་པར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་མཆོག་གི་གཙོས་པའི་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ་འདུ་འཛོམས་ཐོག་རྒྱ་གར་གྱི་དམངས་གཙོའི་ཉིན་མོ་སྲུང་གཙི་གནང་སོང་།

དེ་རིང་ཕྱི་ཚེས་ ༢༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་དང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གི་གཙོས་པའི་ཕྱག་རོགས་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་འཕར་དང་དྲུང་ཆེ་རྣམ་པ། བཀའ་དྲུང་ཡིག་ཚང་གི་སྲི་ཞུ་ལས་བྱེད་བཅས་བཀའ་ཤག་གི་མདུན་ཐང་དུ་འདུ་འཛོམས་ཀྱིས། རྒྱལ་གར་གྱི་རྒྱལ་གླུ་གྱེར་འདོན་དང་སྲིད་ཚབ་མཆོག་གིས་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་གནང་སྟེ། རྒྱ་གར་གྱི་དམངས་གཙོ་དབུ་བརྙེས་ཏེ་མི་ལོ་ ༦༩ འཁོར་བའི་དུས་དྲན་ཉིན་མོ་སྲུང་གཙི་གནང་སོང་།

འདུ་འཛོམས་ཐོག་སྲིད་ཚབ་མཆོག་གིས་དེ་རིང་རྒྱ་གར་རྒྱལ་ཁབ་ཆེན་མོའི་དམང་གཙོས་དབུ་བརྙེས་ཏེ་མི་ལོ་ཧྲིལ་བོ་ ༦༩ འཁོར་གྱི་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་མི་མང་ཡོངས་ཀྱི་ཚབ་བྱས་ཏེ་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་ཡིན། དེ་བཞིན་མི་ལོ་༦༩ རིང་ལ་རྒྱ་གར་རྒྱལ་ཁབ་དེ་ཕྱོགས་གང་ཐད་ནས་ཡར་རྒྱས་དང་གྲུབ་འབྲས་ཆེན་པོ་སོན་ཡོད་པ་རེད། དེ་དག་ལ་ང་ཚོའི་ངོས་ནས་བསྔགས་བརྗོད་དང་དགའ་བསུ་ཞུ་བཞིན་ཡོད་ལ། མ་འོངས་པར་མུ་མཐུད་འབད་བརྩོན་བྱས་ཏེ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་འགྱུར་བའི་སྨོན་འདུན་དང་རེ་བ་ཡོད། ཅེས་གསུངས་སོང་།

ཡང་ཁོང་གིས། རྒྱ་གར་གཞུང་མང་གཉིས་ཀྱིས་ང་ཚོར་ད་ལྟ་བར་དུ་རྒྱལ་ཁབ་སུས་ཀྱང་གནང་མ་མྱོང་བའི་རོགས་སྐྱོར་གནང་བ་བཞིན། བོད་མི་ཚོས་རྒྱ་གར་གཞུང་གི་བཀའ་དྲིན་དྲན་པ་དང་རོགས་སྐྱོར་གྱི་མཐའ་མའི་གྲུབ་འབྲས་དེ་ཆུད་ཟོས་སུ་མི་གཏོང་བར་བོད་མི་རྣམས་ཀྱིས་འབད་བརྩོན་རྒྱུན་མཐུད་བྱེད་པའི་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༡/༢༦

Leave a Reply

2 thoughts on “རྒྱ་གར་དམངས་གཙོའི་ཉིན་མོ་སྲུང་གཙི་གནང་།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་གར་རྒྱལ་ཁབ་འདི་དབྱིན་ཇིའི་འོག་ནས་རང་བཙན་རག་ནས་རྒྱ་གར་འདི་ཡུལ་མིའི་རྒྱལ་ཁབ་ (REPUBLIC ) ཆགས་ནས་མང་གཙོའི་སྲིད་གཞུང་དུ་ཁ་ཕྱོགས་ནས་མི་ལོ་དྲུག་བཅུ་རེ་དགུ་ཟིན་པའི་ཉིན་མོ་ལ་བཀྲིས་བདེ་ལེགས་ཞུ་།