བླ་སྨན་ཡེ་ཤེས་དོན་ལྡན་ལགས་སུ་པདྨ་ཤྲིའི་གཟེངས་རྟགས་གནང་།

དེ་རིང་རྒྱ་གར་དམངས་གཙོའི་ཉིན་མོ་དང་བསྟུན་ ༧གོང་ས་མཆོག་གི་བླ་སྨན་ཟུར་པ་ཨམ་རྗེ་ཡེ་ཤེས་དོན་ལྡན་ལགས་སུ་རྒྱ་གར་མི་མང་གི་གཟེངས་རྟགས་པདྨ་ཤྲིའི་གཟེངས་རྟགས་གནང་ཡོད་པ་རེད།འདི་གའི་གསར་འགོད་པ་ཨམ་རྗེ་ཡེ་ཤེས་དོན་ལྡན་ལགས་ཀྱི་སར་ཆེད་བཅར་གྱིས་གཟེངས་རྟགས་ཐོབ་པར་དགོངས་ཚུལ་ཅི་བྱུང་དང་། དེ་རིང་སུས་ཁོང་གི་སྐུ་ཚབ་ཞུས་ཏེ་གཟེངས་རྟགས་ལེན་གྱི་ཡོད་པ་དང་། གཟེངས་རྟགས་དེ་ཐོབ་ཡོད་པ་ག་དུས་ནས་གོ་བྱུང་ཞེས་དྲིས་པར། རྒྱ་གར་གཞུང་གིས་ངའི་ཕྱག་ལས་ལ་ངོས་འཛིན་ཆེད་གཟེངས་རྟགས་དེ་གནང་བ་རེད། ང་རང་ལ་དམིགས་བསལ་དགའ་ཚོར་ཟེར་ན་རེད་གཙོ་བོ་མི་མང་དང་ནད་པར་ཕན་ཐོགས་ཤིག་བྱུང་ཡོད་པ་ཡིན་ན་འགྲིག་སོང་བ་རེད། གཟེངས་རྟགས་དེ་ལེན་པར་སུ་ཞིག་འགྲོ་ཡི་ཡོད་ཧ་གོ་མ་སོང་། ང་རང་གིས་ད་ནང་ཞོགས་པ་བར་དུ་གོ་མ་བྱུང་། དེ་རིང་ཞོགས་པར་ཁ་པར་ཡོང་ནས་དེ་འདྲ་ལབ་གྱི་འདུག ཅེས་གསུངས་བྱུང་།

ཡང་ཁོང་གིས། ང་རང་ལ་མཚོན་ན། བཙན་བྱོལ་དུ་ཕེབས་ཏེ་སྨན་རྩིས་ཁང་གསར་རྒྱག་སྐབས་ནས་རྒྱ་གར་གཞུང་གི་བློན་ཆེན་གྱིས་སྨན་ཁང་བཙུགས་ཆོག་པའི་ཆོག་མཆན་གནང་བ་མ་ཟད། ནད་པ་ ༢༠ ཡི་ཉལ་ཁྲི་གསོལ་རས་ལ་གནང་བ་སོགས་བྱས་པ་རེད། ༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ལེགས་པོ་ལྟར་སྨན་ཁང་རྒྱག་དགོས་པའི་བཀའ་ཕེབས་པ་དང་གཙོ་བོར་སེམས་ཅན་ལ་ཕན་པ་ཞིག་བྱུང་གི་བསམ་པ་རེད།  ཅེས་གསུངས་བྱུང་།

བླ་སྨན་ཨམ་རྗེ་ཡེ་ཤེས་དོན་ལྡན་ལགས་ཕྱི་ལོ་ ༡༩༢༧ ཟླ་ ༥ ཚེས་ ༡༥ ཉིན་བོད་ལྷོ་ཁ་རུ་སྐྱེས་ཤིང་། ད་ལྟ་དགུང་ལོ་ ༩༣ ཡིན་པ་དང་། ཕྱི་ལོ་ ༡༩༦༠ ནས་ ༡༩༨༠ བར་༧ གོང་ས་རྒྱལ་བ་རིན་པོ་ཆེའི་བླ་སྨན་ཞུས་པ་དང་། བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་གནང་མཁན་ཡིན་འདུག ཁོང་གིས་སྔ་གཞུག་ཏུ་བོད་སྨན་གསོ་བ་རིག་པའི་སྨན་ཐབས་ལ་བརྟེན་ནས་ནད་པ་སྟོང་ཕྲག་མང་པོར་སྨན་བཅོས་བྱས་ཡོད་པ་དང་། ལྷག་པར་དུ་ཁོང་གིས་བོད་སྨན་གསོ་རིག་སྨན་ཐབས་ལ་བརྟེན་ནས་སྐྲད་ནད་དང་གཉན་ནད་རེག་དུག་སོགས་འགོག་བཅོས་བྱེད་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་འདུག

པདྨ་ཤྲིའི་གཟེངས་རྟགས་ནི་རྒྱ་གར་མི་མང་གི་གཟེངས་རྟགས་ཆེས་ཆེ་ཤོས་དེ་ཡིན་པ་དང་། གཟེངས་རྟགས་དེར་རིགས་གསུམ་ཡོད་པ་ནི་པདྨ་ཝེ་བྷོ་ཤིན(Vibhushan) པདྨ་བྷོ་ཤིན།( Padma Bhushan) པདྨ་ཤྲི་བཅས་ཡིན་པ་དང་། གཟེངས་རྟགས་དེ་ལོ་རེའི་རྒྱ་གར་དམངས་གཙོའི་ཉིན་མོ་དང་བསྟུན་སྤྱི་ཚོགས་ལས་རིགས་ཁག་གི་གཟེངས་ཐོན་མི་སྣ་དང་། སྤྱི་དམངས་བདེ་རྩ་ཚོགས་པ། སྤྱི་ཚོགས་ཞབས་ཞུ་བ། སྒྱུ་རྩལ་བ། ཚོང་པ་དང་བཟོ་ལས་མཁན། སྨན་པ། ཤེས་ཡོན་པ། རྩོམ་པ་པོ་སོགས་བྱས་རྗེས་ཅན་གྱི་མི་སྣ་ཚོར་གནང་གི་ཡོད་འདུག

གསར་འགོད་པ་སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༡/༢༨

Leave a Reply

5 thoughts on “བླ་སྨན་ཡེ་ཤེས་དོན་ལྡན་ལགས་སུ་པདྨ་ཤྲིའི་གཟེངས་རྟགས་གནང་།

  1. ལྷ་རྗེ་ཡེ་ཤེས་དོན་ལྡན་མཆོག་ལ་རྒྱ་གར་གཞུང་གིས་པདྨ་ཤྲཱི་གཟེངས་རྟགས་འབུལ་བཞེས་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ། རྒྱ་གར་གཞུང་གིས་ག་དུས་ཡིན་ཡང་བོད་མི་ལ་ནམ་ཡང་སྐལ་བ་མི་གཅོད་པ་ནི་རྒྱ་གར་རྒྱལ་ཁབ་ཆེན་པོའི་གཟི་བརྗིད་བླ་ན་མཐོ་བ་ཞིག་རེད། དེ་སྔོན་ཡང་ཝཱརཱཎ་སཱིའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་ལ་གཟེངས་རྟགས་འདི་ཉིད་ཕུལ་བ་གོ་ཐོས་བྱུང་། འབྱུང་འགྱུར་ཡང་བོད་མི་གང་རུང་ཞིག་གིས་གཟེངས་སུ་ཐོན་པའི་ཕྱག་ལས་གནང་ཐུབ་པ་ཡིན་ན་རྒྱ་གར་གཞུང་གིས་གཟེངས་རྟགས་འདི་རིགས་གནང་བར་དགའ་པོ་བྱེད་ངེས་རེད། སློབ་གྲྭ་ཁག་གི་དགེ་རྒན་མི་ཉུང་བ་ཞིག་ལ་དགེ་རྒན་ཡག་ཤོས་ཀྱི་གཟེངས་རྟགས་ཐོབ་ཡོད་པ་རེད། ཡིན་ནའང་ང་ཚོའི་སྤྱི་ཚོགས་ནས་དེ་དག་ལ་དམིགས་བསལ་ངོས་འཛིན་དང་ཆེ་མཐོང་ཕུལ་བ་ཞིག་དེ་སྔ་ཤེས་མ་བྱུང་། དངོས་འབྲེལ་བྱས་ན་འདི་རིགས་སྤྱི་ཚོགས་འཚོ་བ་ལ་གལ་ཆེན་རིགས་ཡིན་པ་རེད། ན་གས་ཕུལ།།