བོད་རྒྱ་ཚིག་མཛོད་མཉེན་ཆས་གསར་པ་དབུ་འབྱེད་གནང་།

ཐའེ་ཝན་དུ་<<བོད་རྒྱ་ཚིག་མཛོད་མཉེན་ཆས>>་གསར་པ་དབུ་འབྱེད་གནང་བའི་མཛད་སྒོའི་ཐོག་གློག་ཀླད་ཆེད་མཁས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་རྒྱ་བོད་ཚིག་མཛོད་མཉེན་ཆས་ཕབ་ལེན་བྱེད་མཁན་མི་གྲངས་ས་ཡ་གཅིག་ལས་བརྒལ་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཐའེ་ཝན་དུ་<<བོད་རྒྱ་ཚིག་མཛོད་མཉེན་ཆས>>དངོས་སུ་དབུ་འབྱེད་གནང་ཡོད་པ་དང་། ཚིག་མཛོད་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཀྱི་གདན་ཞུས་ལྟར། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་གློག་ཀླད་ཆེད་མཁས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན ཞིབ་འཇུག་ཚོགས་པའི་ལས་ཐོག་དབུ་འཛིན་བླ་མ་ཡེ་ཤེས་རབ་རྒྱས་ལགས། དབང་སྟོད་སྤྲུལ་སྐུ་ཐུབ་བསྟན་ནོར་བུ་ལགས། ཀཿཐོག་རིག་འཛིན་ཆེན་པོ། བཀྲ་ཤིས་རིན་པོ་ཆེ། དགེ་བཤེས་ཕྲིན་ལས་རྒྱ་མཚོ་ལགས། སློབ་དཔོན་བསོད་ནམས་ཉི་མ་ལགས་སོགས་ཞིབ་འཇུག་ཚོགས་པའི་ཚོགས་མི་དང་ལས་བྱེད། དེ་བཞིན་ཐའེ་ཝན་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དོན་འགྲུབ་རྒྱལ་པོ་ལགས་དང་། ཧྥ་ཀོའུ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་ལགས། བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་བོད་ཀྱི་སྐད་བརྡ་རིག་པའི་ཆེད་མཁས་པ་སྐུ་ཞབས་ངག་དབང་ཕྲིན་ལས་ལགས།  གཞན་ཡང་། ཐའེ་ཝན་གྱི་བོད་ཡིག་ལ་དོ་སྣང་གནང་མཁན་གྱི་དགེ་འདུན་པ་དང་མི་མང་བཅས་མཉམ་ཞུགས་གནང་ཡོད་པ་དང་། མཛད་སྒོའི་ཐོག་ཚིག་མཛོད་དབུ་འབྱེད་དང་སྦྲགས་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནས་བོད་རྒྱ་ཚིག་མཛོད་མཉེན་ཆས་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནས་ཉེ་ཆར་ལེགས་འགྲུབ་བྱུང་བའི་འབྱུང་རྩིས་ཨུཏྤལ་སྔོན་པོའི་མཉེན་ཆས་གཉིས་ཀྱི་བེད་སྤྱོད་གཏོང་ཕྱོགས་དང་གལ་གནད་སོགས་ངོ་སྤྲོད་གནང་ཡོད་པ་རེད།

མཛད་སྒོའི་ཐོག་ཏུ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། དེ་སྔ་ཞིབ་འཇུག་ཚོགས་པ་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་མཉམ་འབྲེལ་གྱིས་བཟོས་པའི་རྒྱ་བོད་ཚིག་མཛོད་མཉེན་ཆས་ད་བར་ཕབ་ལེན་གནང་མཁན་མང་པོ་བྱུང་ཡོད་པའི་ནང་ནས་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱེད་ཐབས་བྲལ་ན་ཡང་། ཀུ་ཤུ་བེད་སྤྱོད་བྱེད་མཁན་ཁོ་ན་ས་ཡ་གཅིག་དང་དགུ་ཁྲི་བཞི་སྟོང་དགུ་བརྒྱ་དགུ་བཅུ་གོ་གསུམ་གྱིས་ཕབ་ལེན་བྱས་ཡོད་པ་དང་། དེ་ཡང་མང་ཆེ་བ་བོད་ནང་ཁུལ་ནས་ཕབ་ལེན་བྱས་ཡོད་པ་གསལ་ཡོད། ད་ཐེངས་དབུ་འབྱེད་གནང་བའི་བོད་རྒྱ་ཚིག་མཛོད་མཉེན་ཆས་ཀྱིས་ཀྱང་གཅིག་མཚུངས་བོད་ཕྱི་ནང་གི་བོད་རྒྱའི་སྐད་ཡིག་བཀོལ་སྤྱོད་གནང་མཁན་དག་གི་ཐུགས་རེ་སྐོང་ཐུབ་ངེས་ཡིན་པ་དང་། རྒྱ་བོད་དང་བོད་རྒྱའི་ཚིག་མཛོད་གཉིས་ཆར་མུ་མཐུད་ཚོགས་པ་གཉིས་བར་བཞག་པའི་སྔར་ཡོད་ཀྱི་གན་རྒྱའི་འབྲུ་དོན་གཞིར་བཟུང་རྒྱ་ཆེའི་བཀོལ་སྤྱོད་མཁན་དག་གི་དགོངས་འཆར་དང་དགོས་མཁོ་བཞིན་འཐུས་སྒོ་ཇེ་ཚང་དང་ལེགས་བཅོས། དུས་ནས་དུས་སུ་ནང་དོན་གསར་པ་ཁ་གསབ་བཅས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

ཞིབ་འཇུག་ཚོགས་པའི་ཚོགས་གཙོ་བླ་མ་ཡེ་ཤེས་རབ་རྒྱས་ནས་ཞིབ་འཇུག་ཚོགས་པའི་ཚབ་བྱས་ནས་དགེ་བཤེས་མཆོག་ལ་འཚམས་འདྲི་དང་འབྲེལ། ད་ལྟའི་ཆར་ང་ཚོས་ཁ་ཙམ་མིན་པར་བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་ལག་ལེན་གྱི་ཐོག་ནས་མཉམ་འབྲེལ་བྱེད་པའི་དུས་ལ་བབ་ཡོད་པ་དང་། བོད་རྒྱ་ཚིག་མཛོད་དང་རྒྱ་བོད་ཚིག་མཛོད་མཉེན་ཆས་འདི་གཉིས་ནི་ཞིབ་འཇུག་ཚོགས་པའི་ལས་དོན་གལ་ཆེ་ཤོས་ཤིག་ཏུ་རྩི་བཞིན་ཡོད་པ་དང་། དེ་བཞིན་ཚང་མས་དོ་སྣང་དང་བརྒྱུད་སྤེལ་གནང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་ཡོད་པ་རེད།

གསར་དུ་དབུ་འབྱེད་གནང་བའི་བོད་རྒྱ་ཚིག་མཛོད་མཉེན་ཆས་འདི་རིན་མེད་ཐོག་ཕབ་ལེན་ཐུབ་པ་དང་། ཚིག་མཛོད་འདིའི་ནང་དུ་བོད་རྒྱ་ཚིག་མཛོད་ཆེན་མོ་གཙོར་བཟུང་གིས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་གཙོ་སྒྲིག་གནང་བའི་བོད་དབྱིན་རྒྱ་གསུམ་རྒྱུན་བཀོལ་མིང་མཛོད་ཀྱི་བོད་རྒྱ་སྐད་གཉིས་དང་། སྐད་ལྔ་ཤན་སྦྱར་ཚིག་མཛོད་ཀྱི་བོད་རྒྱ་སྐད་གཉིས་ཆ་ཚང་བཅས་བསྡུས་ཡོད་འདུག ཚིག་མཛོད་མཉེན་ཆས་འདིར་རྒྱ་ནག་སྐམ་སས་བཟོས་པའི་ཟོར་ཡང་ཡིག་གཟུགས(简体字)དང་། དབྱིན་ཇིའི་དབྱངས་གསལ་ཀྱི་སྒྲ་སྦྱོར་རམ་སྦྱོར་ཀློག་(英語拼音)བཀོལ་ཡོད་པར་མ་ཟད། ཐའེ་ཝན་གྱིས་བཀོལ་སྤྱོད་བྱེད་བཞིན་པའི་སྒྲ་སྦྱོར་མ་ལག་ཀྱང་(注音符號)བཀོལ་སྤྱོད་ཆོག་པས་ཟོར་ལྕིའི་ཡི་གེ་ཞེས་གྲགས་པའི་རྒྱ་ཡིག་(繁體字)སྒྲ་སྦྱོར་ཀྱང་སྤྱད་ཡོད་འདུག ཁྱད་ཆོས་འདི་འདྲ་ཚང་ཡོད་པ་ལོ་མཉེན་ཆས་འདི་དང་ལོ་སྔོན་མར་བཏོན་པའི་རྒྱ་བོད་ཚིག་མཛོད་མཉེན་ཆས་གཉིས་ལས་ད་ལྟའི་ཆར་མེད་པ་རེད།

ཚིག་མཛོད་མཉེན་ཆས་ཕབ་ལེན་གནང་ཕྱོགས།

Android མ་ལག བོད་ནང་ནས་ཕབ་གནས། http://www.monlamit.com/sites/default/files/softwares/Tibetan_Chinese_Dictionary_com.monlam.tbCnDic2018.database4july.apk

Google ནས་ཕབ་གནས།https://play.google.com/store/apps/details?id=com.monlam.tbCnDic2018.database4july

ཀུ་ཤུ་ཁ་པར། https://itunes.apple.com/us/app/tibetan-chinese-dictionary/id1336428477?ls=1&mt=8

ཀུ་ཤུ་གློག་ཀླད། http://monlamit.com/sites/default/files/softwares/Tibetan_Chinese_Dictionary_Mac_OS_X.zip

སྐར་ཁུང་རྟགས་ཅན་གློག་ཀླད། http://monlamit.com/sites/default/files/softwares/Tibetan_Chinese_Dictionary_Win.zip

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་མཐུན་ཚོགས་ནས་གནས་ཚུལ་མཁོ་སྤྲོད་གནང་།

བསྐྱར་བཅོས།: ༢༠༡༨/༠༡/༢༩

Leave a Reply