ཆབ་སྲིད་བཙོན་ཟུར་ངག་དབང་མཚོ་མོ་ལཊ་སྐུ་གྲོངས།

རྒྱ་ནག་གཞུང་གིས་ལོ་ ༧ བཙོན་འཇུག་བྱས་ཏེ་སྡུག་སྦྱོང་མནར་གཅོད་བཏང་བའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཙུན་མ་ངག་དབང་མཚོ་མོ་ལགས་ཉིན་ཤས་སྔོན་འཕན་པོ་རྫོང་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག

བཙུན་མ་ངག་དབང་མཚོ་མོ་ལགས་ཀྱིས་ལོ་ ༧ ཧྲིལ་པོར་བཙོན་ཁང་དུ་སྡུག་སྤྱོང་མནར་གཅོད་མྱངས་རྗེས་ཕྱི་ལོ་ ༢༠༠༠ ལོར་ཀློད་གྲོལ་བཏང་ཡོད་ཀྱང་། གཟུགས་གཞིའི་གནས་སྟངས་ཧ་ཅང་ཞན་པོ་ཡོད་པས་རིམ་བཞིན་ཇེ་སྡུག་ཏུ་ཕྱིན་ཏེ་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་འཕན་པོ་རྫོང་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། ནད་གཞི་ཛ་དྲག་ཏུ་གྱུར་ཏེ་སྨན་བཅོས་བྱེད་པར་སྒུག་བསྡད་སྐབས་སྐུ་གྲོངས་ཡོད་འདུག

ངག་དབང་མཚོ་མོ་ལགས་སྤྱི་ལོ་ ༡༩༦༧ ལོར་ལྷ་ས་འཕན་པོ་རུ་སྐྱེས་ཡོད་པ་དང་། ད་ལྟ་དགུང་ལོ་ ༥༡ ཡིན་འདུག   ཕྱི་ལོ་ ༡༩༩༣ ལོར་བོད་ནང་ཡར་ལངས་ཆེན་མོ་བྱུང་སྐབས། བཙུན་མ་ངག་དབང་མཚོ་མོ་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁྲོམ་གཞུང་དུ་རོགས་པ་འགའ་ཤས་དང་མཉམ་དུ་ཞི་བའི་ངོ་རྒོལ་གནང་བར་བརྟེན། རྒྱ་གཞུང་ཉེན་རྟོག་པས་ཁོང་ཚོ་ཚང་མ་འཛིན་བཟུང་གིས་ལྷ་སའི་ཤར་ཕྱོགས་སུ་ཡོད་པའི་རྒུ་ཚ་བཙོན་ཁང་ནང་བཅུག ཕྱིས་སུ་རྒྱ་གཞུང་གིས་ཁྲིམས་ལུགས་ཀྱི་གོ་རིམ་དང་བརྒྱུད་རིམ་གང་ཡང་མེད་པར་བཙུན་མ་ངག་དབང་མཚོ་མོ་ལགས་སུ་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་པ་དང་། ཕྱི་ལོ་ ༢༠༠༠ ལོར་ལོ་ ༧ ་གྱི་བཙོན་འཇུག་དུས་ཡུན་རྫོགས་ནས་ཀློད་གྲོལ་བཏང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༠༡

Leave a Reply