སྐྱེས་པ་ཞིག་གིས་རང་གི་བཟའ་ཟླའི་མཁལ་མ་གཅིག་ལྐོག་འཚོང་བྱས།

རྒྱ་གར་གྱི་སྐྱེས་པ་ཞིག་གིས་སྨན་པ་དང་ངན་འབྲེལ་བྱས་ཏེ་རང་གི་བཟའ་ཟླའི་མཁལ་མ་གཅིག་ལྐོག་ནས་བླངས་ཏེ་བག་རྫོངས་ཀྱི་ཚབ་ཏུ་བཙོང་ཡོད་འདུག

དེ་རིང་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་གྱི་ནུབ་བྷང་གྷལ་ནས་ཡིན་པའི་སྐྱེས་པ་ཞིག་གིས་རང་གི་བཟའ་ཟླའི་མཁལ་མ་གཅིག་བརྐུས་ཏེ། བག་རྫོངས་(Dowry)ཆེད་མཁལ་མ་དེ་ལྐོག་ནས་བཙོང་ཡོད་པར་བརྟེན། ཉེན་རྟོག་པས་སྐྱེས་པ་དེ་དང་ཁོའི་བཟའ་ཟླའི་ཁྲིམས་ཐོག་སྤུན་མཆེད་སྐྱེས་པ་གཅིག་འཛིན་བཟུང་བྱས་ཡོད་འདུག

མཁལ་མ་བརླགས་པའི་བུད་མེད་དེའི་མིང་ལ་རི་ཊྰ་སར་ཀར(Rita Sarkar)ཟེར་གྱི་ཡོད་པ་དང་། ལོ་གཉིས་ཀྱི་གོང་དུ་མོར་རྒྱུ་ལྷག་ན་ཡོད་པ་དང་།  ཁྱོ་གས་སྨན་ཁང་དུ་གཤག་བཅོས་བྱེད་དགོས་པར་སྐུལ་བ་ལྟར་གཤག་བཅོས་བྱས་ཡོད་འདུག མོ་ལ་གཤག་བཅོས་བྱེད་སྐབས་སྨན་པ་དང་ཁྱོ་ག་ལྐོག་འབྲེལ་གྱིས་མོའི་མཁལ་མ་ཡ་གཅིག་བླངས་ཡོད་འདུག

རི་ཊཱ་སར་ཀར་གྱིས་གསར་འགོད་པར། ངའི་བཟའ་ཟླས་ནམ་རྒྱུན་ང་ལ་བག་རྫོངས་ཧིན་སྒོར་འབུམ་ ༢ སྤྲོད་དགོས་པའི་བཙན་སྐུལ་གཏོང་གི་འདུག་ཀྱང་། ང་ལ་བག་རྫོངས་སྤྲོད་རྒྱུ་མེད་པའི་རྐྱེན་གྱིས་དུས་ཡུན་རིང་པོར་མནར་སྡུག་དང་དཀའ་ངལ་སྤྲད་པ་དང་། ཕྱིས་སུ་ང་ལ་ནད་མནར་བྱུང་སྐབས་ཁོས་ཀ་ལི་ཀ་ཏའི་སྒེར་གྱི་སྨན་ཁང་ཞིག་ལ་འཁྲིད་སོང་། སྐབས་དེར་སྨན་པས་ང་ལ་མྱུར་དུ་གཤག་བཅོས་བྱ་དགོས་པ་དང་རྒྱུ་ལྷག་དེ་གཤག་བཅོས་བྱས་ཏེ་ཕྱིར་བཏོན་ཚར་ན་ནད་གཞི་དྲག་སྐྱེད་ཡོང་གི་རེད་ཅེས་བརྗོད་པོ་ལྟར་གཤག་བཅོས་བྱས་པ་རེད། ངའི་ཁྱོ་གས་གཤག་བཅོས་བྱས་པའི་གནས་ཚུལ་དེ་གཞན་སུ་ལའང་མ་བཤད་ཅེས་ཡང་དང་བསྐྱར་དུ་ལབ་བྱུང། ཞེས་བརྗོད་འདུག

ཕྱི་ལོ་ ༢༠༡༧ ལོའི་ཟླ་མཇུག་ཏུ་རི་ཊཱ་སར་ཀར་བསྐྱར་དུ་ན་ནས་མོ་རང་གི་ཨ་ཞང་དང་ནང་མི་ཁག་ཅིག་ལྷན་དུ་སྨན་ཁང་ནང་ཕྱིན་ཏེ་བརྟག་དཔྱད་བྱེད་སྐབས། མོའི་མཁལ་མ་ཡ་གཅིག་མེད་སྐོར་བརྗོད་ཡོད་པ་དང་། ཁོང་ནང་མི་རྣམས་ཡིད་མ་ཆེས་པར་བསྐྱར་དུ་བརྟག་དཔྱད་ཐེངས་གཉིས་ལ་བྱས་རྗེས། སྨན་པས་མཁལ་མ་གཡས་པ་མེད་པ་གཏན་འཁེལ་ཡོད་འདུག

རི་ཊཱ་སར་ཀར་ཀྱིས་ངའི་མཁལ་མ་ཡ་གཅིག་མེད་པ་ཤེས་རྟོགས་བྱུང་མ་ཐག ངའི་ཁྱོ་གས་གཤག་བཅོས་བྱས་པའི་གནས་ཚུལ་གསང་རྒྱ་དམ་པོ་དགོས་པའི་སྐུལ་མ་ཡང་ཡང་བྱས་པ་དེ་ཡིད་ལ་དྲན་པ་མ་ཟད། ཁོས་བག་རྫོངས་ཀྱི་ཚབ་ཏུ་ངའི་མཁལ་མ་བླངས་ཏེ་ལྐོག་ནས་བཙོང་ཡོད་པ་ཤེས་བྱུང་། ཞེས་བརྗོད་ཡོད་པ་རེད།

གནད་དོན་དེ་ས་གནས་ཉེན་རྟོག་པར་ཞུ་གཏུག་བྱས་ཏེ་ཁྱོ་ག་དང་མོ་རང་གི་སྤུན་མཆེད་དུ་འགྲོ་བའི་སྐྱེས་པ་ཞིག་འཛིན་བཟུང་བྱས་ཡོད་པ་དང་སྦྲགས། ཉེན་རྟོག་ཁང་གིས་གནད་དོན་དེ་ནག་འཚོང་ཡིན་པ་མ་ཟད། འགྲོ་བ་མིའི་ནང་སྣོད་རྐུ་འཁྱེར་གྱི་ཉེས་ཁྲིམས་འོག་ཐོ་འགོད་བྱས་ཡོད། ཅེས་བརྗོད་འདུག

རྒྱ་གར་ནང་བག་རྫོངས་(Dowry)ཆེན་པོ་སྤྲོད་མ་ཐུབ་པའི་དཀའ་ངལ་འོག་ཕ་མས་རང་གི་བུ་མོ་བསད་པ་དང་། ཁྱོ་གའི་ནང་ཚང་ནས་མནའ་མར་གཅར་རྡུང་དང་མནར་གཅོད་གཏོང་བ། ཐ་ན་བསད་པའི་གནས་ཚུལ་ཧ་ཅང་མང་པོ་ཡོང་གི་ཡོད་སྟབས། ཕྱི་ལོ་ ༡༩༦༡ ལོར་(Dowry System)ལ་ཁྲིམས་ཐོག་ནས་བཀག་སྡོམ་བྱས་ཏེ། མནའ་མར་བག་རྫོངས་ཆུང་བའི་མནར་གཅོད་གཏང་ན་སྐྱེས་པའི་ནང་མི་རྣམས་འཛིན་བཟུང་དགོས་པའི་བཀའ་འཁྲོལ་ཐོབ་ཡོད་ཀྱང་། ད་དུང་ཡང་སྤྱི་ཚོགས་ཁྱོན་ཡོངས་དང་ལྷག་པར་དུ་ཡུལ་མཐའ་ཁག་ན་དཀའ་ངལ་དེ་མུ་མཐུད་ཡོང་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༠༨

Leave a Reply

One thought on “སྐྱེས་པ་ཞིག་གིས་རང་གི་བཟའ་ཟླའི་མཁལ་མ་གཅིག་ལྐོག་འཚོང་བྱས།

  1. གཞུང་པ་ཚེ་དབང་བསོད་ནམས་

    མི་་ལུས་རིན་ཆེན་གསེར་ལས་དཀོན་།
    ཚེ་འདི་རྒྱུ་ནོར་རྗེས་ལ་རྒྱུགས་མཁན་ཚོ་།
    དགེ་སྡིག་བླང་དོར་ལས་འབྲས་ངོ་མ་ཤེས་།
    རང་གཞན་གཉིས་ཕུང་སྙིང་རྗེའི་ཡུལ་དུ་ལྷག་།