མིག་ཤེལ་ནག་པོས་ཉེས་ཅན་འཛིན་རྒྱུ་ཡིན་ཟེར།

རྒྱ་ནག་གཞུང་གིས་མི་ཚོགས་ཆེ་བའི་ལྟེ་གནས་ཁག་ཏུ་ལྟ་ཞིབ་བྱེད་མཁན་ཉེན་རྟོག་པ་ཚོར་གློག་འཕྲུལ་མིག་ཤེལ་ནག་པོ་ཞིག་གྱོན་དུ་བཅུག་སྟེ་ཉེས་ཅན་མང་པོ་འཛིན་གྱི་ཡོད་སྐོར་བསྒྲགས་འདུག

ཁ་སང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལོ་སར་བསླེབ་ལ་ཉེ་བ་དང་བསྟུན་རྒྱ་ནག་ནང་འགྲུལ་བ་འགྲོ་འོང་གི་བྲེལ་ཟིང་ཧ་ཅང་ཆེན་པོ་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཉེན་རྟོག་པ་ཚོར་མིའི་ངོ་གདོང་ངོས་འཛིན་ཐུབ་པའི་གློག་འཕྲུལ་མིག་ཤེལ་ནག་པོ་རེ་གྱོན་དུ་བཅུག་སྟེ། རླངས་འཁོར་དང་མེ་འཁོར་འབབ་ཚུགས། དེ་བཞིན། གནམ་ཐང་སོགས་མི་མང་འདུ་འཛོམས་ཆེ་སར་འགྲེམས་འཇོག་གིས་མང་ཚོགས་ནང་ལྟ་ཞིབ་བྱེད་ཀྱིན་ཡོད་འདུག

ཉེན་རྟོག་པས་གློག་འཕྲུལ་མིག་ཤེལ་ནག་པོས་དེས་དོགས་ཡོད་ཉེས་ཅན་ལ་པར་བརྒྱབ་སྟེ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་འདུག རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉེན་རྟོག་པས་མིག་ཤེལ་ནག་པོ་དེ་གྱོན་ནས་ད་སྔ་མི་བདུན་གྱིས་མི་ཚོང་བརྒྱབས་ཏེ་བྲོས་འགྲོ་ཡི་ཡོད་པ་འཛིན་བཟུང་བྱས་ཡོད་པ་དང་། མི་ ༢༦ གིས་ཐོབ་ཐང་ལག་ཁྱེར་རྫུན་བཟོ་བྱས་ཡོད་པ་སོགས་ངོས་འཛིན་ཐུབ་ཡོད་སྐོར་བརྗོད་འདུག

གློག་འཕྲུལ་མིག་ཤེལ་དེས་རྒྱ་ནག་གི་ཉེན་རྟོག་པར་རོགས་ཕན་ཆེན་པོ་ཡོང་གི་ཡོད་ཀྱང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་མང་པོས་གློག་འཕྲུལ་མིག་ཤེལ་དེས་གྲངས་ཉུང་མི་རིགས་ཁག་གཙོས་པའི་གཞུང་དང་འགལ་ཟླའི་ལངས་ཕྱོགས་ཅན་གྱི་ཆབ་སྲིད་མི་སྣར་སྟངས་འཛིན་ཤུགས་ཆེན་བྱེད་སྲིད་སྐོར་ཀྱི་སྐྱོན་བརྗོད་དང་དོགས་པ་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་གཞུང་གིས་འཛམ་གླིང་ཐོག་གསང་བའི་བརྙན་ལེན་པར་ཆས་ཆེ་ཤོས་དེ་བཟོ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། ཚོད་དཔག་བྱས་པ་ལྟར་ན། ད་ལྟ་རྒྱ་ནག་ནང་གསང་བའི་བརྙན་ལེན་པར་ཆས་ས་ཡ་ ༡༧༠ ཡོད་པ་དང་། འབྱུང་འགྱུར་ལོ་ལྔའི་ནང་ཚུད་དུ། རྒྱ་ནག་རྒྱལ་ཡོངས་སུ་མིའི་གདོང་པ་ངོས་འཛིན་བྱེད་ཐུབ་པའི་འཕྲུལ་རིགས་གསར་པ་ས་ཡ་ ༤༠༠ འཛུགས་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༠༩

Leave a Reply

5 thoughts on “མིག་ཤེལ་ནག་པོས་ཉེས་ཅན་འཛིན་རྒྱུ་ཡིན་ཟེར།

  1. གཞུང་པ་ཚེ་དབང་བསོད་ནམས་

    འཕྲུལ་རིག་གི་མིག་ཤེལ་ནག་པོ་དེ་ང་ཚོ་བཙན་བྱོལ་སྤྱི་ཚོགས་དགོས་འདུག་ཧཧཧ

  2. དོན་གྲུབ་བཟང་པོ།

    ང་ཚོའི་བོད་པའི་སྤྱི་ཚོགས་ནང་་མིག་ཤེལ་དེ་འདྲའི་རྒྱག་མཁན་ཞིག་ཡོད་ན་ཡག་པོ་འདུག

  3. གཞུང་པ་ཚེ་དབང་བསོད་ནམས་

    ཤེས་བྱ་མཐའ་མེད་རིག་པའི་རྩལ་ལ་རག་།
    ཤེས་བྱ་མཐའ་མེད་མི་གི་བྱེད་ལས་རག་།
    ཤེས་བྱ་རིག་པས་འཇིག་རྟེན་ཉེན་མཁར་བཅུག་།
    ཤེས་བྱ་རིག་པ་ཤེས་བྱའི་འོག་ཏུ་འཐོམ་།