ལྷོ་ཨ་ཧྥེ་རི་ཁའི་རྒྱ་ནག་གཞུང་ཚབ་ཁང་གིས་ཉེན་བརྡ་བཏང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཐེངས་དང་པོར་ལྷོ་ཨ་ཧྥེ་རི་ཁའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་སྐབས་རྒྱ་ནག་གཞུང་ཚབ་ཀྱིས་བཀག་འགོག་དང་ཉེན་བརྡ་བཏང་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༨ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ས་ཀེབ་ཊོན(Cape Town)་ནང་རྟེན་གཞི་བྱས་པའི་ཨུ་བྷུན་ཊོ་ལུས་སེམས་བདེ་ཐབས་ཀྱི་བསྟི་གནས་ཁང་(Ubuntu Wellness Centre) དུ་ཕེབས་ཏེ། ལྷོ་ཨ་ཧྥེ་རི་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(SA Friends of Tibet)ཡིས་གོ་སྒྲིག་གནང་བའི་ཞི་བདེའི་དཔལ་འབར་(Peace Torch )ལས་འགུལ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་ཨིན་ཁཱ་ཊཱ་རང་དབང་ཆབ་སྲིད་ཚོགས་པ་(Inkatha Freedom Party)གསར་འཛུགས་མཁན་རྒྱལ་སྲས་སྐུ་ཞབས་མན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་(Prince Mangosuthu Buthelezi)ལགས་དང་། ཚོགས་པ་དེའི་འགན་འཛིན་རྣམ་གཉིས་ཀྱི་དབུས་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་མོལ་གནང་བ་དང་། དེ་བཞིན། ཡུལ་དེའི་སི་ཊི་ལིན་བྷོ་ཞི་མཐོ་སློབ་(Stellenbosch University)ནས་སྲིད་སྐྱོང་མཆོག་ལ་མགྲོན་འབོད་གནང་ཡོད་པར་བརྟེན། ལྷོ་ཨ་ཧྥེ་རི་ཁའི་གྲོང་ཁྱེར་ཕ་རི་ཊོ་རི་ཡ་(Pretoria)ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བཀག་འགོག་སྐྱོན་བརྗོད་དང་ཉེན་བརྡ་བཏང་ཡོད་འདུག

རྒྱ་ནག་གཞུང་ཚབ་ཀྱི་བཀག་འགོག་ཉེན་བརྡའི་ནང་དུ། བློ་བཟང་སེང་གེ་ཡི་ཕྱོགས་སྐྱོད་དེས་ལྷོ་ཨ་ཧྥེ་རི་ཁ་དང་རྒྱ་ནག་གཉིས་ཀྱི་ཡུན་རིང་གི་འབྲེལ་ལམ་ལ་གནོད་སྐྱོན་དང་ཕྱོགས་གཉིས་ཀྱི་ཚོང་འབྲེལ་ལ་དོ་ཕོག་འབྱུང་སྲིད་པ་རེད་ལ། གནད་དོན་དེ་ལྷོ་ཨ་ཧྥེ་རི་ཁས་དུས་ཡུན་རིང་བོར་རྒྱབ་སྐྱོར་བྱས་པའི་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོ་རྒོལ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཆབ་སྲིད་ཀྱི་གནད་དོན་ནོར་འཁྲུལ་ཅན་ཞིག་བསྟན་པ་དང་ལྷོ་ཨ་ཧྥི་རི་ཁ་དང་རྒྱ་ནག་གི་གཞི་རྩའི་འབྲེལ་ལམ་ལ་སྣང་ཆུང་བཏང་བ་རེད། ད་ལན་གྱི་གནད་དོན་དེས་ཕྱོགས་གཉིས་ཀྱི་ཐུན་མོང་གི་འདོད་མོས་ལ་དོ་ཕོག་འགྲོ་བ་མ་ཟད། ལྷོ་ཨ་ཧྥེ་རི་ཁའི་རྒྱ་ནག་གི་ཚོང་གཉེར་བ་ཚོར་དོགས་པ་སྐྱེས་གཞི་དང་། ལྷོ་ཨ་ཧྥེ་རི་ཁའི་དབུལ་སྐྱོབ་ཀྱི་ལས་གཞི་ལ་སྣང་ཆུང་ཞིག་ཆགས་ཡོད་སྟབས། ལྷོ་ཨ་ཧྥེ་རི་ཁ་གཞུང་དང་མི་མང་ལ་གནོད་སྐྱོན་ཆེན་པོ་ཡོང་རྒྱུ་ཡིན་པ་རེད། ཅེས་བརྗོད་འདུག རྒྱ་ནག་གཞུང་ཚབ་ནས་ཉེན་བརྡ་བཏང་མིན་ལ་མ་ལྟོས་པར་སི་ཊི་ལིན་བྷོ་ཞི་མཐོ་སློབ་ཀྱི་ཁྲིམས་ལུགས་ཚན་པའི་གོ་སྒྲིག་འོག སྲིད་སྐྱོང་མཆོག་ནས་ཁྲིམས་ལུགས་རིག་པའི་སློབ་མ་དོན་གཉེར་ཅན་ཁག་ཅིག་ལ་གསུང་བཤད་གནང་ཡོད་འདུག

ད་ལྟའི་ཆར་ཨ་ཧྥེ་རི་ཁ་གཞུང་ངོས་ནས་རྒྱ་ནག་གཞུང་ཚབ་ཁང་གི་ཉེན་བརྡར་ལན་བརྒྱབས་པའི་གནས་ཚུལ་གོ་ཐོས་མེད་ཀྱང་། སྲིད་སྐྱོང་མཆོག་ལ་ཨ་ཧྥེ་རི་ཁའི་རང་དབང་ཚོགས་པས་མགྲོན་འབོད་ཞུས་པ་ལྟར་ཕེབས་པ་ཞིག་ཡིན་ལ། ལྷོ་ཨ་ཧྥེ་རི་ཁ་ནི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པས་ཡོད་ཚད་ལ་བཀག་སྡོམ་བྱེད་ཐབས་མེད་སྐོར་དང་། གྲོས་ཚོགས་འཐུས་མི་ཞིག་ནས་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ནི་ཕྲུ་གུའི་བྱ་སྤྱོད་ལྟ་བུ་ཡིན་པ་དང་། ལྷོ་ཨ་ཧྥེ་རི་ཁ་གཞུང་ནས་དེ་ལ་ཉན་འཇོག་བྱེད་དགོས་དོན་རྩ་བ་ནས་མེད་སྐོར་བརྗོད་འདུག

དེ་བཞིན། ཡུལ་དེའི་རྒྱལ་སྲས་མན་གྷོ་སུ་ཐུ་བྷུ་ཐེ་ལེ་ཛི་(Mangosuthu Buthelezi)ལགས་ཀྱིས། ལྷོ་ཨ་ཧྥེ་རི་ཀའི་རྩ་ཁྲིམས་ནང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དགོས་སྐོར་གསལ་ཡོད་པ་ལྟར། ང་ཚོས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ལས་འགུལ་ལའང་རྒྱབ་སྐྱོར་བྱེད་དགོས་པ་རེད། བོད་མི་རིགས་ལ་རྒྱབ་སྐྱོར་བྱེད་པ་ནི་མི་རིགས་ཤིག་རྩ་མེད་དུ་འགྲོ་བའི་ཉེན་ཁ་ལས་སྐྱོབ་ཐབས་བྱས་པ་ཞིག་ཡིན་ལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་འཛམ་གླིང་སྤྱི་ཡོངས་ཀྱི་གནད་དོན་ཞིག་ཆགས་ཡོད་སྟབས། ང་ཚོ་ཚང་མར་དེ་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད་པ་རེད། ཅེས་གསུངས་འདུག

དེ་སྔོན་ལྷོ་ཨ་ཧྥེ་རི་ཁ་གཞུང་ནས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡུལ་དེའི་ནང་ཕེབས་པར་ཐེངས་གསུམ་ལ་ཆོག་མཆན་ཕུལ་མ་ཐུབ་པའི་གནས་སྟངས་བྱུང་ཡོད་པ་དང་། ད་ལན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཐེངས་དང་པོར་ཡུལ་དེའི་ནང་ཕེབས་སྐབས་གཞུང་ཕྱོགས་ནས་མངོན་ཆུང་དགོས་པའི་རེ་སྐུལ་ཡང་གནང་དགོས་བྱུང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༠༩

Leave a Reply

4 thoughts on “ལྷོ་ཨ་ཧྥེ་རི་ཁའི་རྒྱ་ནག་གཞུང་ཚབ་ཁང་གིས་ཉེན་བརྡ་བཏང་།

  1. དཀར་པོ་དུང་གི་རང་མདངས་ལ་།མཁྲིས་ནད་ཅན་གྱིས་སེར་པོར་མཐོང་་། ཟེར་བ བཞིན་ སྲིད་སྐྱོངས་བློ་བཟང་སེངྒེ་ལ། ཆོལ་ཞེན་ཅན་གྱི་ནག་པོ་མཐོང་།

  2. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་གི་།ཚོང་འབྲེལ་སྲིད་ཇུས་རྒྱུད་ནས་གནོན་ཤུགས་དང་འཇིག་བསྐུལ་འོག་ནས་འཛམ་གླིང་ལ་དབང་བསྒྱུར་འདོད་མ་རེད་དམ་།

  3. ཨོ་རྒྱན་འོད་གསལ།

    སྲིད་སྐྱོང་གི་ཟླ་བ་འགའ་ཤས་ཀྱི་མཛད་པའི་ནང་ནས། ད་རེས་ཀྱི་མཛད་པ་འདི་དོན་ལྡན་ཞིག་མཐོང་། ང་ཚོ་བོད་པ་རྣམས་ཀྱིས་ཁོང་གི་ཕྱག་ལས་རེ་གཉིས་གནང་སྟངས་མ་འགྲིགས་པ་དེ་ཁ་ལ་འཁྱེར་ནས་ཚང་མ་མི་འགྲིགས་པ་བརྗོད་ན་གླེན་པ་རེད་སྙམ། ལྷག་པར་དུ་ཁོང་ལ་སྐྱོན་བརྗོད་ཞུ་མཁན་ཚོར་དེ་བཞིན་ཁོང་ལ་བརྩི་བཀུར་བྱེད་པའི་འགན་ཡོད་སྙམ།

  4. དོན་གྲུབ་བཟང་པོ།

    སྲིད་སྐྱོང་ལགས།ཕར་རོལ་རྒྱ་ནག་གིས་སྐྱོན་བརྗོད་དང་གནོན་ཤུགས་ཚུལ་རོལ་ལ་བོད་མི་འགའ་ཤས་གནོན་ཤུགས་དང་སྐྱོན་བརྗོད་ཡང་ཡང།སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་ངོ་རྒོལ་ལ་འབད་མུརཡོད་པ།ཁྱེད་རང་དངོས་གནས་སྙིང་རྗེ།