ལྷོ་ཀོ་རི་ཡའི་ཨོ་རྩལ་འགྲན་ཚོཊ་ཐོག་བོད་ཀྱི་རྒྱལ་དར་འཕྱར།

ལྷོ་ཀོ་རི་ཡའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་བསྟུན་ལྷོ་བྱང་ཀོ་རི་ཡའི་དཔོན་རིགས་ཚོས་ཆབ་སྲིད་ཀྱི་གདོང་འབག་རྫུན་མ་གྱོན་ཏེ་འཁྲབ་སྟོན་བྱེད་ཀྱི་ཡོད་ལུགས་བརྗོད་ནས་ལྷོ་ཀོ་རི་ཡའི་མི་མང་གིས་ངོ་རྒོལ་སྐྱོན་བརྗོད་བྱས་འདུག

ལྷོ་ཀོ་རི་ཡའི་དགུན་དུས་ཨོ་རྩལ་འགྲན་ཚོགས་བསྡུས་ཏེ་ཉིན་གྲངས་བཞི་འགྲོ་བཞིན་ཡོད་པ་དང་། ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ཐོག་རྩེད་མོ་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་ལྟད་མོ་མང་པོ་ཡོད་པས་རྒྱལ་སྤྱིའི་སྟེང་དོ་སྣང་ཆེན་པོ་བྱེད་ཀྱི་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་(Moon)དང་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོང་ཨན་གྱི་སྲིང་མོ་ཀེམ་ཡོ་ཅང་(KimYo Jong)་གཉིས་ཐུག་འཕྲད་བྱས་ཏེ། ཁེམ་ཡོ་ཅང་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་བྱང་ཀོ་རི་ཡའི་རྒྱལ་ས་ཕོང་ཡང་(Pyongyang)ལ་ཕེབས་རྒྱུར་མགྲོན་འབོད་བྱས་ཡོད་པ་དང་། ད་ལྟའི་ཆར་ག་དུས་ཕེབས་མིན་གྱི་ཟླ་ཚེས་སོགས་ཡོངས་ཁྱབ་གཏན་འཁེལ་མེད་ཀྱང་། ཕྱི་འབྲེལ་མི་སྣས་བརྗོད་པ་ལྟར་ན། ད་ལོའི་ཕྱི་ཟླ་༨ པའི་ཚེས་ ༡༥ ཉིན་ཕེབས་རྒྱུ་ཡིན་ལ། ཉིན་དེ་ནི་ཕྱི་ལོ་ ༡༩༤༥ ལོར་ཉི་ཧོང་གི་དབང་བསྒྱུར་འོག་ནས་ལྷོ་བྱང་ཀོ་རི་ཡ་གཉིས་ལ་རང་བཙན་ཐོབ་པའི་ཉིན་མོ་ཡིན་ཞིང་། ད་ལྟ་བར་དུ་ཉིན་མོ་དེ་ལྷོ་བྱང་གཉིས་ནས་སྲུང་གཙི་བྱེད་ཀྱི་ཡོད་འདུག

སྲིད་འཛིན་དང་སྲིད་འཛིན་སྲིང་མོ་ཐུག་འཕྲད་སྐབས། ལྕམ་ཀེམ་ཡོ་ཅང་གིས་མ་འོངས་པར་ལྷོ་བྱང་ཀོ་རི་ཡ་གཉིས་ཕན་ཚུན་སེམས་གཏིང་ནས་འཆམ་མཐུན་དང་སེམས་ཐག་ཉེ་བོ་བྱས་ཏེ་མདུན་སྐྱོད་དང་ཡར་རྒྱས་ཡོང་བའི་རེ་བ་ཡོད། ཅེས་བརྗོད་ཡོད་འདུག་ལ། མོ་ནི་ཕྱི་ལོ་ ༡༩༥༠ ནས་ ༡༩༥༣ བར་ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་བྱུང་རྗེས་ཀྱི་བྱང་ཀོ་རི་ཡའི་ཆབ་སྲིད་གོ་གནས་མཐོན་པོ་འཛིན་མཁན་ཞིག་དང་། ཀེམ་ཚང་གི་མཐོ་རིམ་མི་སྣ་ཞིག་ལྷོ་ཀོ་རི་ཡའི་ནང་ཡོང་བ་ཐེངས་དང་པོ་ཆགས་ཡོད་འདུག

འོན་ཀྱང་། ཁ་སང་རེས་གཟའ་ཉི་མ་ཉིན་ལྷོ་ཀོ་རི་ཡའི་ནང་མི་མང་འདུ་འཛོམས་ཀྱིས། ཨོ་རྩལ་འགྲན་ཚོགས་དང་སྟབས་བསྟུན་ལྷོ་བྱང་ཀོ་རི་ཡའི་དཔོན་རིགས་ཚོས་ཆབ་སྲིད་ཀྱི་རྫུན་འབག་གྱོན་ནས་འབྲེལ་བ་བཟོ་ཐབས་དང་། མི་མང་ལ་བསླུ་བྲིད་གཏོང་ཐབས་བྱས་ཏེ་ཨོ་ལིམ་ཕིག་ཆབ་སྲིད་ཀྱི་རོལ་རྩེད་ལ་བསྒྱུར་གྱི་འདུག་ཅེས་ལྷོ་ཀོ་རི་ཡའི་རྒྱལ་དར་དང་ས་ཁྲ། ཀེམ་ཇོང་ཨན་གྱི་པར་བཅས་མེར་བསྲེགས་བཏང་སྟེ་ངོ་རྒོལ་བྱས་ཡོད་པ་རེད།

གཞན་ཡང་། ལྷོ་ཀོ་རི་ཡའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་ཨུ་རུ་སིའི་རྒྱལ་ས་མོ་སི་ཁོར་ཡོད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་མགྲོན་འབོད་ཞུས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༡༡ ཉིན་ཏེ་ལོ་རིན་པོ་ཆེ་མཆོག་ནས་ཨོ་རྩལ་ར་བའི་ནང་བོད་ཀྱི་རྒྱལ་དར་འཕྱར་གནང་ཡོད་པ་མ་ཟད། ཁོང་གིས་ང་རང་ཕྱི་ལོ་ ༢༠༡༤ ལོར་ཨུ་རུ་སིའི་གྲོང་ཁྱེར་སོ་ཆི་རུ་ཚོགས་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་མགྲོན་འབོད་གནང་ཡོད་ཀྱང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཨོ་རྩལ་འགྲན་ཚོགས་ཐོག་ཞུགས་ཀྱི་ཡོད་སྟབས། ངའི་མིང་གདན་ཞུའི་སྐུ་མགྲོན་གྱི་མཚན་གཞུང་ནས་ཕྱིར་འཐེན་བྱས་པ་མ་ཟད། རྩེད་མོ་རྩེ་སར་ཡང་བཀག་འགོག་བྱས་སོང་། ཞེས་གསུངས་འདུག

ཡང་ཁོང་གིས། ལོ་ངོ་ ༤ ཡི་རྗེས་ཀྱི་དེ་རིང་ལྷོ་ཀོ་རི་ཡའི་ནང་དམིགས་བསལ་སྐུ་མགྲོན་དུ་གདན་ཞུ་གནང་པ་ལྟར་ང་རང་ཧ་ཅང་དགའ་སྤྲོའི་ངང་ཡོང་བ་མ་ཟད། རྩེད་མོ་ཁག་ཅིག་ལའང་བལྟས་པ་ཡིན། ཨོ་རྩལ་ཚོགས་ཁང་དུ་འཛུལ་བ་ན་རྒྱལ་ཁབ་ཚང་མའི་རྒྱལ་དར་ཡར་འཕྱར་ཡོད་ཀྱང་བོད་ཀྱི་རྒྱལ་དར་མཐོང་ཡུལ་དུ་མི་འདུག་པས། ང་རང་སེམས་གཏིང་ནས་སྐྱོ་བ་སྐྱེས་བར་བརྟེན་བོད་ཀྱི་རྒྱལ་དར་འཕྱར་ཏེ་སྐད་བརྒྱབས་པ་ཡིན། སྐབས་དེར་ལྟད་མོ་བ་སོགས་ཀྱིས་ང་ལ་རྒྱབ་སྐྱོར་གནང་སྟེ་སྐད་བརྒྱབས་སོང་། ཡིན་ན་ཡང་། ང་འཛིན་བཟུང་བཙོན་བཅུག་དང་གཅར་རྡུང་བྱེད་མཁན་སུ་ཡང་མ་བྱུང་། ཞེས་གསུངས་འདུག

ཡང་ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་སྐུ་ཞབས་མཱ་ཁི་ཧྥན་སི་ཡིས་སྣེ་འཁྲིད་པའི་ཨ་རིའི་མཐོ་རིམ་དཔོན་རིགས་ཁག་ཅིག་མཉམ་ཞུགས་གནང་ཡོད་པ་དང་། སྲིད་འཛིན་གཞོན་པ་མཱ་ཁི་ཧྥན་སི་ཡིས། ང་ཚོ་ལྷོ་ཀོ་རི་ཡའི་ཨོ་རྩལ་འགྲན་ཚོགས་ལ་ཡོང་བ་ཡིན་མ་གཏོགས་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡར་གྲོས་མོལ་བྱེད་པར་བསམ་ནས་ཡོང་མེད་ལ། འདས་ཟིན་པའི་ནོར་འཁྲུལ་དེ་བསྐྱར་ཟློས་གཏན་ནས་བྱེད་འདོད་མེད། ང་དང་སྲིད་འཛིན་མོན་གཉིས་ཀྱིས་མདང་ནུབ་ནས་དེའི་སྐོར་ལ་གྲོས་བསྡུར་བྱས་ཡོད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་དགོས་པ་དེ་ཕྱོགས་གཉིས་བར་འགྱུར་བ་ཡོང་སའི་གཞི་རྩ་ཡིན་ལ། དེ་མིན་ཕྱོགས་གང་ཐད་ནས་འགྱུར་བ་འགྲོ་ས་མེད་པ་རེད། ཅེས་བརྗོད་འདུག་པ་མ་ཟད། ཨོ་རྩལ་འགྲན་ཚོགས་ཀྱི་དགོང་མོའི་གསོལ་ཚིགས་སྐབས་བྱང་ཀོ་རི་ཡའི་སྐུ་ཚབ་དང་ཨ་རིའི་སྐུ་ཚབ་གཉིས་གསོལ་ཅོག་གཅིག་གི་སྟེང་དུ་ཁེལ་བར་བརྟེན། སྐུ་ཞབས་མཱ་ཁི་ཧྥན་སི་གསོལ་ཚིགས་ལ་བཅར་མེད་པ་རེད།

ཐེངས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཟླ་འདིའི་ཕྱི་ཚེས་ ༢༥ བར་ཚོགས་ཀྱི་ཡོད་པ་དང་། རྩེད་འགྲན་མགོ་འཛུགས་བྱས་ཏེ་ཉིན་ ༣ ཕྱིན་པའི་རིང་གསེར་གྱི་རྟགས་མ་ཐོབ་མཁན་མང་ཤོས་ཨང་དང་པོ་འཇར་མན་ལ་ ༣ དང་། གཉིས་པ་ནེའུ་ཌིར་ལན་ལ་ ༢། གསུམ་པ་ཨ་རིར་ ༢། དེ་མིན་ནོར་ཝེ་དང་ཁ་ན་ཊར། ཨོ་སི་ཊི་རུ་ཡ། ཧྥ་རན་སི། ལྷོ་ཀོ་རི་ཡ། སུའུ་ཏན་བཅས་ལ་གཅིག་རེ་ཐོབ་ཡོད་འདུག གསེར་དངུལ་ཟངས་ཀྱི་རྟགས་མ་ཚང་མ་བསྡོམས་པ་ཡིན་ན། ཨང་དང་པོ་ནོར་ཝེ་ལ་ ༨ དང་གཉིས་པ་ཁ་ན་ཊ་ལ་ ༦། ནེའུ་ཌིར་ལན་ལ་ ༥། ཨ་རིར་ ༤། འཇར་མན་ལ་ ༤ ། དེ་མིན་ཧྥེན་ལན་དང་ཨུ་རུ་སུའི་ལས་རྩལ་ཚོགས་པ། ཨོ་སི་ཁྲོ་ལེ་ཡ་བཅས་ལ་གཉིས་རེ་དང་། ཁ་རྫ་སི་ཐན་ལ་གཅིག་ཐོབ་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༢/༡༢

Leave a Reply

4 thoughts on “ལྷོ་ཀོ་རི་ཡའི་ཨོ་རྩལ་འགྲན་ཚོཊ་ཐོག་བོད་ཀྱི་རྒྱལ་དར་འཕྱར།

  1. ཐོས་པ་དགའ།

    རུ་སོག་སྐུ་ཚབ་དོན་གཅོད་སྐུ་ཞབས་ཏེ་ལོ་སྤྲུལ་བའི་སྐུ་རིན་པོ་ཆེ་མཆོག བཀའ་དྲིན་བླ་མེད་དུ་ཆེ་ཞུ། སྐུ་ཚེ་རིང་། མཛད་འཕྲིན་རྒྱས། ཐུགས་བཞེད་མཐའ་དག་གེག་མེད་ལྷུན་འགྲུབ་ཡོང་བར་སྨོན།

  2. གཞུང་པ་ཚེ་དབང་བསོད་ནམས་

    སྤྲུལ་སྐུ་ཟེར་ན་ཁྱེད་རེད་།
    དོན་གཅོད་ཟེར་ན་ཁྱེད་རེད་།
    རྒྱལ་ཞེན་ཟེར་ན་ཁྱེད་རེད་།
    གཞུང་ཞབས་ཟེར་ན་ཁྱེད་རེད་།
    ཕོ་རྒོད་ཏེ་ལོ་སྤྲུལ་སྐུ་།
    བོད་དོན་རྒྱལ་སྤྱིར་བསྒྲགས་བྱུང་།
    ཕོ་རབས་ལས་ལ་རྫོགས་མཐའ་མེད་།
    ཕོ་ངན་ལས་ལ་ངོམས་རྒྱུ་མེད་།
    ཟེར་ཡང་ཟེར་ལ་བདེན་ཡང་བདེན་།
    བདེན་གཏམ་ངོ་མ་བཤད་ཡོད་དོ་།
    ཉན་དང་མི་ཉན་རང་རང་སོ་སོ་རེད་།

    ྱེེ

  3. ཁམས་ལྷ་མོ།

    ང་ནི་གསར་འགྱུར་འདི་རིགས་ཀློག་པར་ཧ་ཅང་དགའ། དེང་སང་དུས་ཚོད་སོགས་ཀྱིས་གསར་འགྱུར་རིང་པོ་ཞིག་ཀློག་ནས་འདུག་ཁོམ་མེད་པས། དེ་བས་གསར་འགྱུར་མང་པོ་ཞིག་ཕྱོགས་གཅིག་ཏུ་བསྡུས་ཏེ་འབྲི་ཚུལ་འདི་དཔེ་ཡག་པོ་འདུག བོད་ཀྱི་གསར་ཁང་དག་ལ་ད་དུང་དེའི་ཕྱོགས་ནས་ཞན་པོ་འདུག དུས་བབ་ཚང་གིས་འདི་ལྟར་འབྲི་བར་རེ་བ་ཞུ། རྒྱུ་མཚན། དུས་བབ་ནི་བོད་ཀྱི་གསར་ཁང་དག་ལས་ཡག་ཤོས་དང་དུས་དང་བསྟུན་ནས་འགྱུར་བ་འགྲོ་ཤེས་མཁན་དེ་ཡིན་པས་ཡིན། ཐུགས་རྗེ་ཆེ།

  4. ལྷོ་བྱང་གཉིས་འཆམ་མཐུན་བྱེད་བཅུག་མི་འདོད་པ་ནི་ཨ་རིའི་དམིགས་ཡུལ་གཙོ་ཤོས་རེད། མི་མང་གི་ངོ་རྒོལ་རྒྱབ་ན་ཨ་རི་ཡོད་པ་རེད། ཁ་སང་སྲིད་འཛིན་གཞོན་པའི་སྐད་ཆནས་ང་ཚོར་ར་གསལ་བོ་ཞིག་སྤྲད་སོང་། དངོས་ནས་ཨ་རི་དེ་བཙོག་པ་རེད།