ཡང་ཨ་རིའི་མཐོ་སློབ་ནང་མེ་མདའི་དོན་རྐྱེན་བྱུང་།

ཧྥི་ལོ་རེ་ཌའི་མཐོ་སློབ་ཞིག་ཏུ་རང་ལོ་ ༡༩ ཡིན་པའི་སློབ་ཟུར་ཞིག་གིས་གང་བྱུང་མེ་མདས་བརྒྱབས་ཏེ་མི་གྲངས་ ༢༠ ལྷག་ལ་རྨས་སྐྱོན་བཟོས་པ་མ་ཟད་མི་ ༡༧ འདས་གྲོངས་སུ་ཕྱིན་ཡོད་འདུག

ཁ་སང་ཕྱི་དྲོར་ཨ་རིའི་མངའ་སྡེ་ཧྥི་ལོ་རེ་ཌའི་གྲོང་ཚོ་པ་ཁུ་ལན་ཌའི་ཌོ་ལ་སི་(Douglas)ཞེས་པའི་མཐོ་སློབ་ནང་། སློབ་ཟུར་ཞིག་གིས་གང་བྱུང་མེ་མདས་བརྒྱབས་ཏེ། མི་གྲངས་ ༢༣ ཙམ་ལ་རྨས་སྐྱོན་བཟོས་ནས་ཛ་དྲག་ངང་ས་གནས་སྨན་ཁང་ཞིག་ཏུ་བསྐྱལ་ཡོད་ཀྱང་། ཉུང་མཐར་སློབ་ཕྲུག་དང་དགེ་རྒན་སོགས་མི་གྲངས་ ༡༧ འདས་གྲོངས་སུ་ཕྱིན་པ་དང་། མི་ ༣ ཛ་དྲག་གི་གནས་སྟངས་འོག་ཡོད་པ་དང་། མི་ ༣ ལ་སྲོག་སྐྱོན་མེད་པ་རེད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ཕུ་ལགས་ཀྱིས། ཧྥི་ལོ་རེ་ཌའི་ནང་མེ་མདའི་དོན་རྐྱེན་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཆེད་བསྔོ་སྨོན་གསོལ་འདེབས་དང་། ཁོ་ཚོའི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད་ལ། མ་འོངས་པར་ཨ་རིའི་སློབ་གྲྭ་ཁག་ཏུ་དགེ་རྒན་རྣམ་པ་དང་བྱིས་པ་ཚོ། དེ་བཞིན་མི་སུ་ཞིག་ཡིན་རུང་བདེ་འཇགས་མེད་པའི་དཀའ་ངལ་རྩ་བ་ནས་འཕྲད་རྒྱུ་ཡོད་པ་མ་རེད། ཅེས་བརྗོད་ཡོད་པ་རེད།

ས་གནས་ཉེན་རྟོག་པས་བརྗོད་པ་ལྟར་ན། ལག་དམར་ནི་རང་ལོ་ ༡༩ ཡིན་པའི་ནེ་ཁུ་ལ་སི་ཁུ་རོ་རྫི་(Nikolas Cruz)ཟེར་བ་ཞིག་ཡིན་པ་དང་། དམར་གསོད་དོན་རྐྱེན་བཟོས་རྗེས་འཛིན་བཟུང་བྱས་ཡོད་འདུག ཁོ་དེ་སྔོན་མཐོ་སློབ་དེའི་སྒྲིག་གཞིར་འགལ་ནས་ཕྱིར་འཕུད་བཏང་ཡོད་པ་མ་ཟད། དེ་སྔ་ནས་ཁོ་སློབ་གྲྭ་དེའི་ཉེ་འཁོར་སོགས་སུ་ཡོང་སྐབས་དགེ་ལས་སློབ་ཕྲུག་ཚང་མས་དོགས་ཟོན་དགོས་པའི་ཉེན་བརྡ་གསལ་བསྒྲགས་བྱས་ཡོད་འདུག

ཕྱི་ལོ ༢༠༡༢ ལོར་མངའ་སྡེ་འདིའི་ནང་མེ་མདའི་དོན་རྐྱེན་བྱུང་སྟེ། མི་ ༢༦ དམར་གསོད་བཏང་ཡོད་པ་དང་། ཕྱི་ལོ ༢༠༡༣ ལོ་ནས་ད་ལྟའི་བར་དུ་ཨ་རིིའི་སློབ་གྲྭ་ཁག་གི་ནང་མེ་མདའི་དོན་རྐྱེན་ ༢༩༡ བྱུང་འདུག་ལ། ཆ་སྙོམས་ཀྱིས་ཨ་རིར་བདུན་ཕྲག་གཅིག་གི་ནང་ལ་མེ་མདའི་དོན་རྐྱེན་གཅིག་རེ་བྱུང་ཡོད་པ་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༡༥

Leave a Reply