ཞི་ཅིན་ཕིན་གྱི་སྲིད་དབང་ཡུན་རིང་བརྟན་པའི་ཇུས་ཆེན་བཏོན།

ཞི་ཅིན་ཕིན་གྱིས་སྣེ་འཁྲིད་པའི་རྒྱ་ནག་དབུས་དམར་ཤོག་རྒྱུན་ལས་ལྷན་ཁང་གིས་རྩ་ཁྲིམས་ནང་སྲིད་འཛིན་དང་སྲིད་བློན་སྐབས་གཉིས་ལས་བརྒལ་མི་ཆོག་ཅེས་པར་བཟོ་བཅོས་དགོས་པའི་དགོས་འདུན་བཏོན་འདུག

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་དབུས་དམར་ཤོག་རྒྱུན་ལས་ལྷན་ཁང་གིས་རྒྱ་ནག་གི་རྩ་ཁྲིམས་ལ་བཟོ་བཅོས་དང་ཁ་སྣོན་རྒྱག་དགོས་པའི་དགོས་འདུན་དོན་ཚན་ ༢༡ ཅན་ཞིག་བཏོན་ཡོད་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། དགོས་འདུན་དེའི་ནང་དུ་སྲིད་འཛིན་དང་སྲིད་བློན་གྱི་ལས་ཡུན་སྐབས་གཉིས་ལས་བརྒལ་མི་ཆོག་ཅེས་པ་ཆོག་པ་བཟོ་རྒྱུ་དང་། ཞི་ཡི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞེས་པ་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཅེས་བཅོས་རྒྱུ་དང་། རྩ་ཁྲིམས་དོན་ཚན་དང་པོའི་ནང་གསེས་གཉིས་པར་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་བའི་ལམ་ལུགས་ཡིན་ཞེས་པ་དེའི་མཇུག་ཏུ། རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་ནི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན་ཞེས་པ་ཁ་སྣོན་རྒྱག་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་འདུག

ཁ་སང་རྒྱ་ནག་དབུས་དམར་ཤོག་རྒྱུན་ལས་ལྷན་ཁང་གིས་རྩ་ཁྲིམས་བཟོ་བཅོས་དགོས་པའི་དགོས་འདུན་ཁག་གསལ་བསྒྲགས་བྱས་རྗེས། རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ། ཧོང་ཀོང་ཆར་གདུགས་གསར་བརྗེའི་ལས་འགུལ་བ་ཞིག་གཙོས་པའི་མི་མང་པོ་ཞིག་གིས། རྒྱ་ནག་གིས་རྩ་ཁྲིམས་བཅོས་སྒྱུར་བཏང་སྟེ། ཞི་ཅིན་ཕིན་སྲིད་འཛིན་སྐབས་གསུམ་པར་འདུག་འཆར་ཡོད་པ་དེ་ནི། བྱང་ཀོ་རི་ཡ་ལྟར་རྒྱ་ནག་སྲིད་དབང་སྒེར་གཅོད་ལམ་ལུགས་སུ་བསྒྱུར་གྱིན་ཡོད་པའི་སྐྱོན་བརྗོད་མང་པོ་བྱས་ཡོད་སྟབས། རྒྱ་ནག་གཞུང་ངོས་ནས་ཝི་པོ་དྲ་ཚིག་སོགས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཐོག་གི་(Two Term limit)ཞེས་པའི་སྐྱོན་བརྗོད་ཀྱི་གནས་ཚུལ་ཁག་ཚང་མ་བཀག་འགོག་བྱས་ཏེ་གསུབ་ཀྱི་ཡོད་འདུག

ཁྲང་ཆིན་དམར་ཤོག་འཐུས་མི་དང་དམར་ཤོག་དགེ་རྒན་ཆེན་མོ་སོ་ཝི(Su Wei)་ཟེར་བ་ཞིག་གིས། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་དུས་སྐབས་གསར་པའི་ནང་། རྩ་ཁྲིམས་ཀྱིས་ཚད་གཞི་བཟོས་པའི་སྲིད་འཛིན་གྱི་དུས་ཡུན་ཐེངས་གཉིས་ལས་བརྒལ་བ་བཟོ་རྒྱུ་ནི། རྒྱ་ནག་དམར་ཤོག་དབུས་རྒྱུན་ལས་ལྷན་ཁང་གིས་སོ་སོའི་ལོ་རྒྱུས་རང་བཞིན་ལྡན་པའི་ཕུགས་འདུན་དག་མངོན་འགྱུར་ཐུབ་ཐབས་བྱེད་ཀྱིན་ཡོད་པ་ཞིག་ཆགས་ཡོད་ལ། ཞི་ཅིན་ཕིན་ལ་རྒྱ་ནག་འཕེལ་རྒྱས་ཀྱི་འཆར་འགོད་གཉིས་ཡོད་པ་ལས་གཅིག་ནི། ཕྱི་ལོ་ ༢༠༢༠ ནས་ ༢༠༣༥ བར་དུ་རྒྱ་ནག་དེང་རབས་སྤྱི་ཚོགས་རིང་ལུགས་ཅན་དུ་བསྒྱུར་བའི་གལ་གནད་ཀྱི་དུས་ཚོད་ཅིག་ཆགས་ཡོད་པར་བརྟེན། སྐབས་དེར་རྒྱ་ནག་དམར་ཤོག་ཚོགས་པར་མགོ་འཁྲིད་ལམ་ལུགས་བརྟན་པོ་དང་ཡག་པོ་ཞིག་དགོས་ཀྱི་ཡོད། གཉིས་པ་ཕྱི་ལོ་ ༢༠༣༥ ལོ་ནས་རྒྱ་ནག་རླབས་ཆེན་དང་སྔོན་ཐོན། དམངས་གཙོ་དང་གཅིག་གྱུར། དེེ་བཞིན་བརྟན་ལྷིང་དང་མཛེས་སྡུག་ལྡན་པའི་དེང་རབས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་བའི་ཕུགས་འདུན་ཡོད་པ་རེད། ཅེས་བརྗོད་འདུག

ཡང་མིང་མ་བརྗོད་པའི་རྒྱ་ནག་གི་མཁས་པ་ཞིག་གིས། ཐག་གཅོད་འདི་ནི་བསམ་བློ་ཞིབ་ཚགས་བཏང་སྟེ། ད་ལྟ་དང་མ་འོངས་པའི་རྒྱ་ནག་གི་འཕེལ་རྒྱས་སོགས་ལམ་ལྷོང་ཡོང་སླད་བཟོས་པ་ཞིག་ཡིན་པ་མ་ཟད། ཐག་གཅོད་འདི་ནི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དང་ཕུགས་འདུན་སོགས་ལེགས་འགྲུབ་འབྱུང་བར་ཧ་ཅང་རན་ཞིང་འཚམ་པ་ཞིག་རེད། ཅེས་བརྗོད།

རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་ནང་། ཕྱི་ཚེས་ ༢༤ ཉིན་གྱི་ཚོགས་འདུའི་ཐོག་སྲིད་འཛིན་ཞི་ཅིན་ཕིན་གྱིས་མི་སྒེར་དང་ཚོགས་སྡེ་སུ་ལའང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་ཚད་ལས་བརྒལ་བའི་ཐོབ་ཐང་མེད་སྐོར་སོགས་ཁྲིམས་ཀྱི་གལ་གནད་རང་བཞིན་གླེང་ཡོད་ཀྱང་། ཕྱི་ཚེས་ ༢༥ ཉིན་དབུས་རྒྱུན་ལས་ལྷན་ཁང་གིས་ཞི་ཅིན་ཕིན་གཙོ་འདོན་བྱས་པའི་རྩ་ཁྲིམས་བཟོ་བཅོས་ཀྱི་དགོས་འདུན་དོན་ཚན་ ༢༡ ཡོངས་བསྒྲགས་བྱས་ཡོད་པ་དང་། དབུས་རྒྱུན་ལས་ལྷན་ཁང་གིས་བཏོན་པའི་དགོས་འདུན་རྣམས་མང་ཆེན་ཚོགས་འདུའི་ཐོག་དེ་ལྟར་གཏན་འབེབས་བྱེད་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱི་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཐེངས་འདིའི་དགོས་འདུན་དེ་ནི་ཕྱི་ལོ ༢༠༢༣ ལོར་ཞི་ཅིན་ཕིན་གྱིས་མུ་མཐུད་སྲིད་དབང་འཛིན་པར་ལམ་ཀ་བཟོ་ཡི་ཡོད་པ་མ་ཟད། མ་འོངས་པར་ཞི་ཅིན་ཕིན་གྱིས་མའོ་ཙེ་དུང་ལས་ལྷག་གིས་དུས་ཡུན་ག་ཚོད་ཅིག་གི་རིང་སྲིད་དབང་འཛིན་མིན་བཤད་ཁག་པོ་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༡༨/༠༢/༢༦

Leave a Reply

One thought on “ཞི་ཅིན་ཕིན་གྱི་སྲིད་དབང་ཡུན་རིང་བརྟན་པའི་ཇུས་ཆེན་བཏོན།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་གི་རྩ་ཁྲིམས་ལ་བསྐྱར་བཅོས་གནང་གི་ཡོད་ན་དགའ་བསུ་ཡོད་ལ་བོད་ཐོག་འཛིན་པའི་རྒྱ་ནག་གི་རྩ་ཁྲིམས་ནང་
    གསལ་བའི་མི་རིགས་ས་གནས་རང་སྐྱོངས་ཀྱི་བཅའ་ཁྲིམས་ལ་བསྐྱར་བཅོས་དགོས་པ་དེ་རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པའི་དམངས་གཙོ་ཡིན་ལ་འདྲ་མཉམ་ཡིན་ཟེར་བའི་རྩ་ཁྲིམས་ནང་འཁོད་པའི་ཐ་སྙད་ལ་འགན་འཁུར་དགོས་པ་དེ་རྒྱ་ནག་སྲིད་གཞུང་གི་ཆེ་མཐོང་དང་བཟང་སྤྱོད་སོགས་དང་འབྲེལ་བ་ཡོད་པ་ལ་ངོས་འཛིན་ཞུ་གི་ཡོད་།