གངས་ཅན་གྱི་མཁས་པ་ཡོངས་ལ་དྲིས་པའི་གྲོས་འདེབས་ཀྱི་གཏམ་གསུམ་པ།

                                                                                                      ཤེས་རབ་ཆོས་འཕེལ།

 (རྒྱ་གར་གྱི་དུས་ཚུགས་དང་དུས་འཁོར་རྒྱུད་དཔང་དུ་བཞག་ནས་བོད་ཀྱི་ལོ་ཐོ་འཆུག་བསྡད་ཡོད་པའི་སྐོར་གནད་བཤད།)

འདིར་བཤད་དགོས་པའི་གནད་ནི་བོད་ཀྱི་ལོ་ཐོ་ལ་སྐྱོན་བརྗོད་བྱེད་པའི་ཆེད་མིན་ལ། དཀའ་གནད་འདི་ཀུན་ལ་ཤེས་པར་བྱེད་དུ་འཇུག་པའི་ཆེད་ཡིན། ཤེས་ནས་བོད་ཀྱི་ལོ་ཐོ་ལ་ཡོ་བསྲིང་དང་བཙོ་སྦྱོང་ཅི་ལྟར་བྱ་དགོས་མིན་སྐོར་ཞུ་རྒྱུ་ཡིན།

དང་པོ། རྒྱ་གར་དཔྱིད་ཟླ་དང་པོ་ངོས་བཟུང་བ།

ཧོ་ལེ་ཞེས་ལེགས་སྦྱར་སྐད་དུ་དུས་དྲན་ཞེས་གྲགས་པ་འདི་ནི། ལོ་རེའི་ནང་གི་དགུན་གྱི་ཟླ་བ་རྣམས་ཡོངས་སུ་རྫོགས་ནས་དཔྱིད་ཀྱི་དུས་ཚུགས་མགོ་བཟུང་བའི་ཉིན་ཡིན་ལ། ཉིན་དེ་ལ་རྒྱ་གར་རི་གྲོང་གཉིས་དང་གྲོང་ཁྱེར་དང་རྒྱལ་ས་སྐྱེས་པ་ཕོ་མོ་ཀུན་གྱིས་ཚོན་རྩི་སྣ་ཚོགས་ལུས་ལ་ཕན་ཚུན་བྱུག་པའི་ལུགས་སྲོལ་འདུག ལུགས་འདི་གཙོ་བོ་རྒྱ་གར་གྱི་སྲོལ་ཡིན་ཡང་ཧིན་རྡུའི་ཆོས་ལུགས་འཛིན་པ་དང་མི་འཛིན་པ་གཉིས་ཀའི་དུས་དྲན་བྱེད་བཞིན་ཡོད། དེ་རིང་དེའི་དུས་དྲན་ཉིན་རེད། Friday, March 2, 2018 སྤྱི་ཟླ་གསུམ་པའི་ཉིན་གཉིས་པ་དང་གཟའ་པ་སངས་ཉིན་རེད། ཉིན་འདི་རྒྱ་གར་ལ་དཔྱིད་ཟླ་དང་པོ་ཚུགས་པའི་དུས་དང་། ཆོས་ལུགས་དང་འབྲེལ་བའི་དུས་མཆོད་ཅིག་ཀྱང་རེད། ཧོ་ལེ་དཔྱིད་ཟུག་ནས་ཉིན་ཞག་ཉུ་ཤུ་ཙམ་གྱི་དུས་ན་དཔྱིད་ཉིན་མཚན་མཉམ་པ་འབྱུང་བར་འགྱུར།

གཉིས་པ། རྒྱ་གར་ལུགས་སྲོལ་གྱི་ཁྱིམ་ཞག་ལོ་སར་རམ་ལུག་ཁྱིམ་ཉིན་ངོས་འཛིན།

རྒྱ་གར་གྱི་ཡུལ་ལུང་སོ་སོའི་ཐུན་མོང་མ་ཡིན་པའི་སྔོན་གྱི་སྲོལ་རྒྱུན་དང་། ད་ལྟ་ཡང་སྲོལ་རྒྱུན་དེ་ལ་ཡོད་པའི་དད་པ་དང་འབྲེལ་བའི་ལྷ་མཆོད་ལྷ་གསོལ་གྱི་དུས་སྟོན་དང་། ཤིང་ཐོག་དང་ལོ་ཐོག་དང་སྔོ་སྡུམ་སོགས་ཞིང་ལས་དང་འབྲེལ་བའི་དུས་ཚིགས་སོགས་འཁོད་པའི་ལོ་ཐོ་རིགས་བཅུ་ཙམ་ཡོད་པ་ཀུན་གྱིས་། ཁྱིམ་ཞག་གི་ལོ་སར་སྟེ། ཉི་མ་ལུག་ཁྱིམ་ལ་སླེབ་ཉིན་དེ་ནི། ཐུན་མོང་གཅིག་གྱུར་ཅིག་ཡོད་པ་འདོད་ཀྱང་གྲུབ་ཡོད། གཅིག་གྱུར་ཡིན་པའི་ཚུལ་དེས་བོད་དུ་རྩོད་རྙོག་ཏུ་ཡོད་པའི་དབྱར་ཁ་ལེན་དང་བོད་ཀྱི་ལོ་ཐོ་ལ་དག་ཐེར་ཐུབ། ཉི་མ་ལུག་ཁྱིམ་དུ་སླེབ་པའི་ཁྱིམ་ཞག་གི་ལོ་སར་དེ་ནས་ཡར་བགྲང་བའི་ཉིན་ཞག་ཞེ་ལྔ་ཙམ་ན་རྒྱ་གར་ཧོ་ལེ་དཔྱིད་གསར་དུས་ཚིགས་དེ་ཡིན།


གསུམ་པ།
རྒྱ་གར་ལུགས་སྲོལ་གྱི་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་འཁྲུངས་ཉིན་ངོས་འཛིན།

སངས་རྒྱས་ཉ་གང་ཉིན་ཞེས་སངས་རྒྱས་གོ་ཏཱ་མ་སྐུ་འཁྲུངས་ཉིན་དུས་དྲན་དེ་ནི་ལྷོ་བརྒྱུད་ནང་བསྟན་ཡོངས་དང་རྒྱ་གར་རྒྱལ་ཡོངས་ཀྱིས་ཐུན་མོང་དུ་འདོད་ཀྱང་གཅིག་གྱུར་དུ་གྲུབ་པ་ཞིག་རེད། དེའི་ཕྱིར་ཚུལ་དེ་ལ་བོད་པའི་རྣམ་རྟོག་ཉིད་མ་གཏོགས་དྭོགས་ཟ་དང་ཞིབ་འཇུག་དགོས་དོན་མེད་ཅེས་མི་རྣམས་སྨྲ། བོད་མ་ཤོར་གོང་དུ་རྒྱ་གར་གཞུང་འབྲེལ་ནས་གོང་ས་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས། སངས་རྒྱས་དུས་དྲན་ལ་གདན་འདྲེན་ཞུས་ཡོད་པ་དང་། སྐབས་དེའི་དུས་ཚིགས་ནི་ཕྱི་ལོ་༡༩༥༦་ཕྱི་ཟླ་ལྔ་པའི་ཉིན་༢༤་པ་དང་གཟའ་ཕུར་བུའི་ཉིན་ཡིན། དེ་བཞིན་ཉེ་ཆར་ཕྱི་ལོ་༢༠༡༥ཟླ་ལྔ་པའི་ཉིན་༤་པ་ལ་རྒྱ་གར་རྒྱལ་ཡོངས་ཀྱིས་སངས་རྒྱས་དུས་དྲན་དེ་བསྲུང་བརྩི་བྱས་ཡོད་ལ། སངས་རྒྱས་དུས་དྲན་དེ་རྒྱལ་གར་ལོ་ཐོ་དུ་མ་རྩོད་མེད་དུ་གྱུར་འདུག ཕྱི་ཟླ་དང་སྦྱར་ནས་རགས་རྩིས་བྱས་ན་ཕྱི་ཟླ་པའི་ནང་སླེབ་བཞིན་འདུག

དུས་དྲན་དེ་ལོ་ཐོ་འགའ་ཞིག་ཏུ་བཀོད་ཅིང་གཅིག་གྱུར་ཡོད་པ་གཤམ་གསལ།

བཞི་པ།
བོད་ཀྱིས་རྒྱ་གར་ལུགས་བཀྲལ་བ་དེ་དང་རྒྱ་གར་རང་གི་ལུགས་འདྲ་མིན་བསྡུར་བ།

འདིར་བོད་ཀྱི་ས་གནས་ཀྱི་དབང་དུ་བཏང་བ་མ་ཡིན་པར་རྒྱ་གར་གྱི་དབང་དུ་བྱས་པའི་ལོ་ཐོ་དེ་དག་གི་ནང་འཁོད་པ་ལྟར་གཞི་ལ་བཞག་ནས། སྐབས་དེར་བོད་ཀྱི་ལོ་ཐོའི་ཚེས་གྲངས་སོགས་གང་ཡིན་བལྟས་ནས་བསྡུར་བ་ཡིན། དེ་ལྟར་དགོས་པའི་རྒྱུ་མཚན་ཡང་བོད་ཀྱི་མཛོད་འདུལ་དང་དུས་འཁོར་རྒྱུད་སོགས་སུ་བཀྲལ་བའི་དུས་ཚིགས་རྣམས་རྒྱ་གར་གྱི་ལུགས་ཁོ་ན་ཡིན་པའི་རྒྱུ་མཚན་གྱིས་སོ།།
རྒྱ་བོད་གཉིས་ཀས་གཏན་ལ་དབབ་བྱའི་དོན་དེ་ཡུལ་གཅིག་ཡིན་པ་ལ། མི་མཐུན་པ་བྱུང་འདུག ཉི་མ་ལུག་ཁྱིམ་ལ་སླེབ་པའི་དུས་ཚིགས་ལ་ཉིན་ཞག་བཅོ་ལྔའི་ཁྱད་པར་བྱུང་བ་དང་། སངས་རྒྱས་གོ་ཏཱ་མའི་སྐུ་འཁྲུངས་པའི་དུས་ཚིགས་ལ་ཡང་ཟླ་བ་གཅིག་གིས་ཁྱད་པར་བྱུང་བ་དང་ལོ་གསུམ་རེའི་ནང་ལ་ཐེངས་གཅིག་མ་གཏོགས་དུས་མཉམ་དུ་འཁེལ་གྱི་མི་འདུག རྒྱ་གར་སྔ་ཞིང་བོད་འཕྱི་འདུག་པ་དེ་འདྲ་རེད། ལྷོ་བརྒྱུད་ནང་བསྟན་འཛིན་པ་རྣམས་ནི་རྒྱ་གར་ལུགས་དང་མཐུན་ལ། བོད་རྣམས་རྒྱ་གར་དང་མི་འཐུན་པ་ཅི་ཕྱིར་ཡིན་ནམ། ལྷོ་བོད་གཉིས་ཀྱིས་བརྩི་བྱ་ནི་གཅིག་ཡིན། གལ་ཏེ། གཉིས་ཀ་བདེན་ན། སངས་རྒྱས་གོ་ཏཱ་མ་ཐེངས་གཉིས་ལ་སངས་རྒྱས་དགོས་པར་འགྱུར་བ་དང་། ཡང་ན་ཐེངས་གཅིག་སྐྱེས་ནས། སླར་ཡང་མངལ་དུ་ཡར་ཞུགས་ནས་ཟླ་གཅིག་ཙམ་གྱི་རྗེས་སུ་སྐྱེས་དགོས་པར་འགྱུར་བ་དང་། སངས་རྒྱས་དང་སྐུ་འཁྲུངས་པ་དུས་མཉམ་ཡིན་པའི་རྒྱལ་བོ་གཟུགས་ཅན་སྙིང་པོ་སོགས་ཀྱང་དེ་ལྟར་འགྱུར་དགོས་པ་སོགས་མི་འདོད་བཞིན་དུ་ཁས་ལེན་དགོས་བྱུང་ལ།

ཡང་ན་ལྷོ་བོད་གཉིས་སྟོན་པ་སོ་སོ་བའི་རྗེས་འབྲང་ཡིན་དགོས། རྩི་ལུགས་གཅིག་ལ་སྟོན་པ་སྐུ་གཤེགས་ནས་གདུལ་བྱ་རྣམས་སྐྱོ་གདུང་དྲགས་པོས་ནོན་བཞིན་པའི་སྐབས་སུ་ལུགས་གཅིག་གི་སྟོན་པ་དེ་གསོན་པོར་འཛུམ་དམུལ་ལེར་བཞུགས་འདུག་ཡོད་དགོས་པར་འགྱུར་སོགས་ཧང་ཅང་ཐལ་ལོ།།

ལྔ་པ། དུས་འཁོར་རྒྱུད་ཀྱི་ཚིག་ཟིན་ལ་ཅི་ལྟར་གསལ་མིན་དང་རྒྱུད་དང་ཉེ་ཤོས་གང་ཡིན་མིན་སྐོར།

གོང་དུ་ཞུས་པ་ལྟར་ཧོ་ལེ་དཔྱིད་ཟུག་དུས་ཚིགས་ཤར་ནས་ཉིན་ཞག་ཉི་ཤུ་ཙམ་ན་དཔྱིད་ཉིན་མཚན་མཉམ་པའི་དུས་དང་། དེ་ནས་ཉིན་ཞག་ཉི་ཤུ་ཙམ་ན་ཁྱིམ་ཞག་ལོ་སར་བྱུང་བ་དང་། དཔྱིད་ཟུག་དང་ལུག་ཁྱིམ་བར་ཉིན་ཞག་བཞི་བཅུ་ཡོད་འདུག དེས་ན་དཔྱིད་ཉིན་མཚན་མཉམ་པ་དེ་དཔྱིད་ཟླ་ར་བའི་སྨད་དང་དཔྱིད་ཟླ་བར་བའི་སྟོད་དུ་འབྱུང་དགོས་འདུག དེས་ན་འདིའི་ཐད་དུ་འདི་ལྟར་འདོད་དགོས་ཏེ། དཔྱིད་ཉིན་མཚན་མཉམ་པ་བྱུང་ན་ཡང་ཉི་མ་ལུག་ཁྱིམ་ལ་མ་སླེབ། ད་དུང་སླེབ་རྒྱུ་ལ་ཉིན་ཞག་ཉི་ཤུ་ཙམ་དགོས་ཞེས་འདོད་དགོས་སོ།།

བོད་ཀྱི་ལོ་ཐོ་(ཕུག་ལུགས་གྲུབ་རྩིས་)ལྟར་ན་འདི་ལྟར་འབྱུང་སྟེ། དཔྱིད་ཉིན་མཚན་མཉམ་ནས་ཉིན་ཞག་སོ་དྲུག་ཙམ་གྱི་རྗེས་སུ་ཉི་མ་ལུག་ཁྱིམ་ལ་སླེབ་བཞིན་འདུག དེས་ན་འདི་ལྟར་འདོད་དགོས་ཏེ། དཔྱིད་མཉམ་བྱུང་ན་ཡང་ཉི་མ་ལུག་ཁྱིམ་དུ་སླེབ་མེད། ད་དུང་སླེབ་རྒྱུ་ལ་ཉིན་ཞག་སོ་དྲུག་དགོས་ཞེས་འདོད། དེས་ན་རྒྱ་གར་ལོ་ཐོ་དང་བོད་ཀྱི་ལོ་ཐོ་གཉིས་ཀས་ལག་ལེན་ལྟར་ན་དཔྱིད་མཉམ་གཉིས་དེ་ལུག་ཁྱིམ་ཡིན་པར་མི་འདོད།། འོན་ཀྱང་དུས་འཁོར་རྒྱུད་འགྲེལ་བ་དང་བཅས་པ་ལས་དཔྱིད་ཉིན་མཚན་མཉམ་པ་དེ་ལུག་ཁྱིམ་གྱི་ནང་དུ་འབྱུང་དགོས་པ་མ་ཟད། ལུག་ཁྱིམ་གྱི་ཐོག་མ་ཉིད་ཡིན་པར་གསུངས་འདུག དུས་འཁོར་བསྡུས་པའི་རྒྱུད་ལས། ཉི་མ་རི་བོང་ཅན་གྱི་ཉིན་མཚན་ཆུ་ཚོད་དྲུག་ཅུ་དག་ལས་འགྲིབ་དང་འཕེལ་བ་དྲུག་ཆས་སོ། །གང་ཕྱིར་རི་ལ་སྐྱེ་བོ་རྣམས་ཀྱི་ཉིན་མཚན་མཉམ་པར་འགྱུར་ཏེ་ལུག་ཉི་སྲང་གི་ཉི་མ་ལའོ། །ཞེས་དང་། དེའི་ཐད། བསྡུས་རྒྱུད་འགྲེལ་བ་དྲི་མེད་འོད་ལས། སའི་དུམ་བུ་གང་དུ་ལུག་གི་ཉི་མ་ལ་དཔྱིད་ཕྱེད་ཀྱི་ཉིན་མཚན་མཉམ་པར་འགྱུར་ན་སྲང་གི་ཉི་མ་ལ་སྟོན་ཕྱེད་དུ་འགྱུར་རོ།། ཞེས་གསལ་བོར་གསུངས་པ་དེས་གྲུབ་པས། རྒྱུད་དང་ཉེ་ཤོས་ནི་དེ་གཉིས་ལས་རྒྱ་གར་ལོ་ཐོ་དེ་ཆགས་འདུག བོད་རྣམས་དུས་འཁོར་ལུགས་ཡིན་པར་རློམ་ཡང་རྒྱ་གར་ལས་ཀྱང་ཉིན་བཅོ་ལྔས་འཕྱིས་འདུག

ཡང་བསྡུས་རྒྱུད་འགྲེལ་བ་དྲི་མེད་འོད་ལས། ལྷུན་པོའི་ལྷོའི་དུམ་བུ་འདིར་ལུག་ལ་ཉི་མ་གནས་པས་དཔྱིད་ཀྱི་དུས་སུ་ས་གའི་ཟླ་བ་བྱེད་དོ། །ཅེས་ས་ག་ཟླ་བ་ཡང་དཔྱིད་ཟླ་ཡིན་པར་དངོས་སུ་གསུངས་འདུག རྒྱ་གར་ཧོ་ལེ་དཔྱིད་ཟུག་དེ་དཔྱིད་ཟླ་ར་བར་བྱས་ནས་བརྩིས་ན་དུས་འཁོར་ལུགས་དང་མཐུན། འོན་ཀྱང་། བོད་ཀྱི་ལོ་ཐོར་དཔྱིད་ཟླ་ར་འབྲིང་ཐ་གསུམ་དུས་འཁོར་རྒྱུད་ལུགས་བཀོད་སྐབས། ས་ག་ཟླ་བ་ལ། དུས་འཁོར་ལུགས་ལ་དབྱར་ར་བ་ཞེས་བྲིས་འདུག་མོད། དེ་ལྟར་བཀོད་པའི་རིམ་པ་དེ་དུས་འཁོར་ལུགས་དང་མི་མཐུན་པས་དུས་འཁོར་བའི་ལུགས་ནི་ཡིན་ཚོད་མི་གདའ།

དྲུག་པ། བོད་ཀྱི་ལོ་ཐོ་ལ་ཡར་རྒྱས་ལ་ཅི་ལྟར་གཏོང་དགོས་མིན་སྐོར།

གོང་གསལ་ལྟར་བོད་ཀྱི་ལོ་ཐོ་(ཕུག་ལུགས་གྲུབ་རྩིས་)དེ་རྒྱུད་དང་མཐུན་མིན་ཅི་རིགས་བྱུང་བ་དང་། དེ་བཞིན་འགྲེལ་ཆེན་དྲི་མེད་འོད་དང་ཨ་བྷྱ་ཀ་རས་ཀྱང་སྐྱོན་འབྱུང་བར་གསུངས་པ་དངམ་ཟད། རགས་པར་ན་ལོ་དྲུག་ཅུའི་མཚམས་སུ་སྐྱོན་བཏོན་དགོས་ཚུལ་ཡང་གསལ་བོར་གསུངས་ཡོད། འགྲེལ་ཆེན་དྲི་མེད་འོད་ལས། དེའི་ཕྱིར་བྱེད་པའི་ལོ་གཞན་ལ་ལྟོས་ནས་དེས་ཟླ་བ་གཅིག་གི་ངེས་པ་ཅུང་ཟད་དག་གོ། ཞེས་དང་། འདིར་ཆད་པ་དང་ལྷག་པ་ཇི་ལྟར་ཤེས་ན་བྱང་དུ་བགྲོད་པའི་ཟླ་བ་དང་པོ་ལ་ཉི་མ་བཅུའི་བར་དུ་ཐུར་མའི་གྲིབ་མས་ཡོངས་སུ་བརྟག་པར་བྱ་སྟེ། ཉིན་ཞག་གང་ནས་བརྩམས་ཏེ། ཐུར་མའི་གྲིབ་མ་བྱང་ནས་ལོག་པར་གྱུར་པ་དེ་ནི་གཟའ་དེ་དང་ཚེས་དེ་དང་སྦྱོར་བ་དེ་དང་བྱེད་པ་དེས་ཉི་མ་འཕོ་བའི་ཉིན་ཞག་གོ། །ཉིན་ཞག་དེ་ལ་ཉི་མའི་ལོངས་སྤྱོད་སྐར་མའི་གནས་སུ་ཉི་ཤུ་དང་ཆུ་ཚོད་ཀྱི་གནས་སུ་བཅྭ་ལྔ་ཞེས་པ་རྩ་བའི་ངེས་པའོ། །ངེས་པ་དེ་ལ་ཉིན་ཞག་སོ་སོར་ཉི་མའི་དཀྱིལ་འཁོར་གྱི་ཉིན་ཞག་རྣམས་ཀྱིས་ཐོབ་པ་རབ་ཏུ་བསྲེས་ཏེ། དེ་ནས་སྔར་བརྗོད་པའི་ཆོ་གས་ཉི་མའི་རྐང་པ་རྣམས་སྦྱང་བར་བྱའོ། །ཞེས་གསུངས་སོ།། འོ་ན། བོད་ཀྱི་ལོ་ཐོ་ལ་དེ་འདྲའི་སྐྱོན་བཏོན་ཡོད་དམ་མེད་ཟེར་ན། སྐྱོན་བཏོན་མེད་ལ། དེའི་དབང་གིས་བོད་ཀྱི་ལོ་ཐོ་ཟླ་བ་གཅིག་ཙམ་གྱིས་འཆུག་བསྡད་ཡོད། །སྟོན་པའི་འཁྲུངས་ཚིགས་དེ་ཡང་ཟླ་གཅིག་གིས་འཆུག་པ་གཅིག དཔྱིད་ཐ་མ་ལ་དབྱར་ར་བ་ཞེས་བརྗོད་དགོས་བྱུང་བ་དང་གཉིས། ལུག་དང་སྲང་གི་རི་མོ་ཤར་བ་དེ་དང་། དངོས་ཡོད་ལ་སྟོན་དཔྱིད་ཉིན་མཚན་མཉམ་བྱུང་བའི་བར་བ་ཉིན་ཞག་སུམ་ཅུ་ལྷག་གི་ཁྱད་པར་བྱུང་བ་དང་གསུམ། དབྱར་དགུན་ཉི་ལྡོག་སོགས་རྒྱ་རྩིས་ཀྱིས་ཁ་བསྐང་དགོས་བྱུང་བ་དང་བཞི། བོད་ཀྱི་དབྱར་ཁ་ལེན་དང་ལྷོ་བརྒྱུད་དབྱར་ཁས་ལེན་བར་ལ་ཟླ་བ་གཅིག་གི་ཁྱད་པར་བྱུང་བ་དང་ལྔ། བྱེད་རྩིས་དང་གྲུབ་རྩིས་གཉིས་བར་ལ་ཟླ་གཅིག་གི་ཁྱད་པར་བྱུང་བ་དང་དྲུག དེ་སོགས་སྐྱོན་འབྱུང་བའི་གཞི་མ་དེ་སྐྱོན་བཏོན་མ་བྱས་པས་ལེན་ནོ།། ཆོས་རྗེ་དོལ་བོ་སངས་རྒྱས་དང་ཀརྨ་རང་བྱུང་རྡོ་རྗེ་རྣམ་གཉིས་ཀྱིས་བྱེད་རྩིས་ལུགས་དེ་གཙོ་བོར་གནངས་འདུག་པ་གནད་འདི་མཐོང་ནས་དབང་གིས་ཡིན་པ་གོར་མ་ཆགས།། སྐྱོན་ཅི་ལྟར་ཡོང་ཚུལ་དང་དེ་རིམ་གྱིས་གསོག་ཚུལ། སྐྱོན་དེ་ཅི་ལྟར་ལོ་ཐོ་ལ་བཏོན་ཚུལ་ཅི་ལྟར་ཡིན་མིན་སོགས་ཁོ་བོ་གྲོས་འདེབས་དང་པོ་དང་གཉིས་པ་རྣམས་སུ་བཀོད་ཟིན་པས་དེར་གཟུགས་འཚལ།། ཞེས་པ་འདི་ཡང་ཧི་མ་ལ་ཡའི་སྐར་རྩིས་པ་རྒྱ་ཤེས་རབ་ཆོས་འཕེལ་གྱིས་ལྷོ་ཕྱོགས་རྒྱ་མཚོ་འགྲམ་ནས་གཟའ་ཉི་མའི་གུང་གསེང་སྐབས་སུ་བྲིས། །

བསྐྱར་བཅོས།: ༢༠༡༨/༠༣/༠༥

Leave a Reply

3 thoughts on “གངས་ཅན་གྱི་མཁས་པ་ཡོངས་ལ་དྲིས་པའི་གྲོས་འདེབས་ཀྱི་གཏམ་གསུམ་པ།

  1. རྩོམ་པ་པོ་རང་ནས།

    གདོང་མཁན་ཀ་བྲག་ལགས། སྐུ་ཉིད་ཀྱིས་འདིར་ཡུལ་རྒྱ་གར་གྱི་དབང་དུ་བྱས་པའི་དུས་ཚིགས་དང་བོད་ཡུལ་གྱི་དབང་དུ་བྱས་པའི་དུས་ཚིགས་གཉིས་བསྡུར་ནས་གསུང་གི་འདུག་པའི་དབང་དུ་བཏང་འདུག་མོད། འོན་ཀྱང་གྲོས་འདེབས་ཀྱི་རྩོམ་ཡིག་དེ་ལ་ནི་དེ་གཉིས་བསྡུར་བ་ཡིན་མི་འདུག་སྟེ། བོད་ཀྱིས་བཀྲལ་བའི་རྒྱ་གར་གྱི་དུས་ཚིགས་དེ་དང་རྒྱ་གར་རང་གི་ལོ་ཐོར་བཀོད་པའི་དུས་ཚིགས་གཉིས་འདྲ་མིན་བསྡུར་འདུག་པ་ས་བཅད་ཀློག་དང་གསལ་བོར་ཤེས། རྩོམ་ཡིག་དེ་ལས། བཞི་པ། བོད་ཀྱིས་རྒྱ་གར་ལུགས་བཀྲལ་བ་དེ་དང་རྒྱ་གར་རང་གི་ལུགས་འདྲ་མིན་བསྡུར་བ། ཞེས་དང་།
    འདིར་བོད་ཀྱི་ས་གནས་ཀྱི་དབང་དུ་བཏང་བ་མ་ཡིན་པར་རྒྱ་གར་གྱི་དབང་དུ་བྱས་པའི་ལོ་ཐོ་དེ་དག་གི་ནང་འཁོད་པ་ལྟར་གཞི་ལ་བཞག་ནས། ཞེས་དང་། བོད་ཀྱི་མཛོད་འདུལ་དང་དུས་འཁོར་རྒྱུད་སོགས་སུ་བཀྲལ་བའི་དུས་ཚིགས་རྣམས་རྒྱ་གར་གྱི་ལུགས་ཁོ་ན་ཡིན་པའི་རྒྱུ་མཚན་གྱིས་སོ།། རྒྱ་བོད་གཉིས་ཀས་གཏན་ལ་དབབ་བྱའི་དོན་དེ་ཡུལ་གཅིག་ཡིན་པ་ལ། མི་མཐུན་པ་བྱུང་འདུག ཅེས་སོ།། དེའི་ཕྱིར་སྐུ་ཉིད་ཀྱི་དམིགས་པའི་གཏད་སོ་དང་རྩོམ་པ་པོའི་དམིགས་པའི་གཏད་སོ་གཉིས་ཕྱོགས་སོ་སོར་སོང་འདུག
    ཡང་གོའུ་ཏ་མ་དང་ཧོ་ལེ་ཞེས་པའི་ཡིག་ཐོབ་དང་ཡིག་སྐྱོན་སྐོར་ནས་གསུངས་འདུག་པ་དེར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ། དེ་དག་གི་སྒྲ་གདངས་དབྱིན་ཡིག་ཏུ་བྲིས་ཡོད་པ་དེ་ག་རང་བོད་ཡིག་ཏུ་སྒྲ་ཙམ་བྲིས་པ་ལས་སྔོན་གྱི་བོད་ཡིག་ཏུ་བཀོད་པ་དེར་བསམ་བློ་བཏང་མ་བཏང་བ་དེར་དགོངས་སེལ་ཞུ། །
    སྟོན་པ་སྐུ་འཁྲུངས་ཀྱི་དུས་ཚིགས་ལ་ལྷོ་བོད་གཉིས་བར་ལ་ཟླ་བ་གཅིག་ཙམ་ཁྱད་པར་བྱུང་བ་དེའི་གནད་དོན་དང་རྒྱུ་མཚན་གང་ཡིན་མིན་སྐོར་ནས་གོ་རྟོགས་དང་བསམ་ཚུལ་མང་དུ་གསུངས་རོགས་ཞུ།

  2. གདོང་མཁན་ཀཿབྲག

    མཇལ་བར་སྤྲོ། དཔྱད་པ་གནང་བ་ལ་ཡང་ཧ་ཅང་དགའ་ཚོར་དང་འབྱུང་འགྱུར་ཡང་དོགས་གནས་རིགས་ལ་དཔྱད་པར་གནང་རོགས། ང་དང་ང་འདྲ་བའི་མ་ཡིག་དང་ཕ་སྐད་ལ་དུང་བའི་མི་བུ་དག་ལ་ཧ་ཅང་ཕན། ཡིན་ནས་ད་རན་དཔྱད་རྩོམ་འདིའི་ནང་དུ་སྐྱོན་ཁ་ཤས་ཤིག་མཐོང་ཐལ། ཧོ་ལེ་ཞེ་པར་ལེགས་སྦྱར་དུ་དུས་དྲན་ཞེས་གྲགས་པ་ལོ་རེའི་ནང་གི་དགུན་གྱི་ཟླ་བ་རྣམས་ཡོངས་སུ་རྫོགས་ནས་དཔྱིད་ཀྱི་དུས་ཚུགས་མགོ་བཟུང་བའི་ཉིན་ཡིན་ཞེས་གསལ་བར་གཞིགས་ན་ཧོ་ལེ་ཞེས་པར་དུས་དྲན་ཟེར་བ་དེར་ལེགས་སྦྱར་དང་བོད་སྐད་གང་ཡིན་མིན་ད་དུང་དཔྱད་པ་ཡང་དག་གནང་མི་འདུག དེ་བཞིན་དུ་སངས་རྒྱས་གོ་ཏཱ་མ་ཞེས་པའི་ཐ་སྙད་འདི་ཡང་ལེགས་སྦྱར་ཐོག་ཡོངས་གྲགས་ཇི་ལྟར་བྲིས་བཞིན་ཡོད་མེད་ཡང་དཔྱད་ཡང་དག་གནང་མི་འདུག དེ་ལ་ཡོངས་གྲགས་སུ་གོའུ་ཏམ་མམ། འགོའུ་ཏ་མ། གཽཏམ་ཞེས་གསལ་བ་ལས་གོ་ཏཱ་མ་ཞེས་ཡེ་ནས་མ་གྲགས་ལགས། ཚིག་འདི་དག་ལ་བརྡ་དང་ཐ་སྙད་ལ་ཡང་དག་པའི་དཔྱད་ཞིབ་མ་གནང་ན་ལོ་རྒྱུས་པར་འགལ་འདུ་ལྟག་སྤྲོད་འགྲོ་ན་འབྱུར་འགྱུར་ལོ་རྒྱུས་ནང་དུ་འགལ་འཛོལ་གནས་སྲིད།
    དེ་བཞིན་སངས་རྒྱས་འཁྲུངས་པའི་ཟླ་ཚེས་ལ་དཔྱད་གཞི་གནང་འདུག་སྟེ་རྒྱ་བོད་ཀྱི་ཟླ་འཁོར་འགྲོ་སྟངས་ཤེས་མི་འདུག ཟླ་ཚེས་རྩིས་སྟངས་ཡང་ཤེས་མི་འདུག ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་སངས་རྒྱས་འཁྲུངས་པར་རྒྱ་བོད་དང་ནང་བསྟན་རྗེས་འཇུག་པ་ཡོངས་ནས་གཅིག་མཐུན་ཆགས་པ་ཞིག་རེད། སྤྱིར་བཏང་ཡང་དག་པའི་སྐྱེས་བུ་ཁྱུ་མཆོག་སྟོན་པ་བཀའ་དྲིན་ཅན་གྱི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་བརྩི་ཚུལ་ཐད་བོད་དུ་རྩི་ཚུལ་མི་འདྲ་བ་ཉི་ཤུ་རྩ་གཅིག་ལྷག་ཙམ་ཡོད་པ་དང་། རྒྱ་གར་ལ་རྩི་ཚུལ་མི་འདྲ་བ་གསུམ་ཙམ་དང་། རྒྱ་ནག་ལ་ཡང་བཤད་ཚུལ་མི་འདྲ་བ་གསུམ་མམ་ལྔ་ཙམ་ཡོད་པ་སོགས་འཛམ་གླིང་ཟླུམ་པོ་འདིར་མཁས་པ་ཚོས་བཞེད་པ་མི་མཐུན་པ་དྲུག་ཅུ་ཙམ་བྱུང་ཡོད་པར་བཤད། དེང་སང་འཛམ་གླིང་གི་ཡོངས་སུ་མཁས་པ་ཚོས་སྟོན་པའི་འཁྲུངས་འདས་ཀྱི་ཐད་ལ་ཚད་འཛིན་གནང་ས་ཁག་ལྔ་ཙམ་ཡོད།༼༡ ས་སྐྱ་པའི་ལུགས།  ༼༢  ཕུག་པའི་ལུགས།  ༼༣ བུ་སྟོན་གྱི་ལུགས།  ༼༤ ཁ་ཆེ་པཎ་ཆེན་ལུགས།  ༼༥  གནས་བརྟན་སྡེ་པའི་ལུགས།  དེང་སང་འཛམ་གླིང་གི་ཡོངས་ཁྱབ་ནས་གནས་བརྟན་སྡེ་བའི་ལུགས་དང་བོད་དུ་ཁ་ཆེ་པཎ་ཆེན་གྱི་ལུགས་སུ་གྲགས་པ་དེ་ཚད་མར་འཛིན་བཞིན་འདུག་པས་དེ་ཚོར་གང་རུང་ལ་གཞིགས་ན་ཚད་མ་འཛིན་དགོས། དེ་བཞིན་རྒྱ་གར་ལ་ཟླ་དྲུག་ལ་ལོ་རེ་རྩིས་ཚུལ་དང་ཟླ་བ་བཅུ་གཉིས་ལ་ལོ་རེར་རྩིས་ཚུལ་ཡང་ཤེས་དགོས། ཟླ་བ་ཡར་ཚེས་བཅུ་དྲུག་ནས་ཟླ་བའི་རྗེས་མའི་ཚེས་བཅོ་ལྔའི་བར་དུ་ཟླ་བ་གཅིག་བགྲང་པ་ལ་ཟླ་གཅིག་བགྲང་ཚུལ་ཡང་ཡོད་པ་ཤེས་དགོས། ཚེས་གཅིག་ནས་ཚེས་སུམ་ཅུ་བར་དུ་ཡང་ཟླ་གཅིག་བགྲང་ཚུལ་ཡང་ཤེས་དགོས། འབྱུང་རྩིས་ལུགས་འཇུག་དང་ལུགས་ལྡོག་བགྲང་ཚུལ་ངེས་པར་དུ་ཤེས་དགོས། བསམ་ཚུལ་ཙམ་གདོང་མཁན་པས།

  3. རྩོམ་ཡིག་དངོས་ནས་ཡག་པོ་ཞིག་བྲིས་འདུག ཡིན་ན་ཡང་། ཁོང་གི་རྩོམ་འདི་ཀློག་ཤེས་མཁན་དཀོན་པོ་རེད། བཙན་བྱོལ་བ་ཚོས་ནང་འཁྲུག་རྩོམ་རྙོག་ལས། འདི་འདྲའི་རྩོམ་ཡིག་ཀློག་ཤེས་ནི་མ་རེད།ཀློག་ཤེས་ཀྱང་དོན་གོ་ནི་མརེད། སེམས་སྐྱོ་བ་ལ།