ཇོ་ཁང་ལ་མེ་སྐྱོན་བྱུང་བའི་རྐྱེན་ལས་གོད་ཆགས་ཆེན་པོ་གཉིས་ཕོག་པ།

འདུས་བྱུང་ཕུན་ཚོགས་ཚེ་རིང་།

༡༽ བོད་མིའི་འདུ་ཤེས་ལ་གོད་ཆགས་དང་།

༢༽ གནའ་རྫས་རིག་དངོས་ལ་གོད་ཆགས་ཤོར་བ།

སྔོན་འགྲོའི་སྐད་ཆ།

བོད་ཀྱི་རྟེན་གཙོ་ཇོ་བོ་ཡིད་བཞིན་ནོར་བུའི་གཙང་ཁང་དབུས་མར་མེ་སྐྱོན་བྱུང་ནས་དེ་རིང་ཉིན་ཞག་བཅུ་ཏག་ཏག་ཕྱིན་སོང་། ཉིན་མ་བཅུའི་གོང་གི་ཕྱི་ཚེས་བཅུ་བདུན་དང་། བོད་ཀྱི་ལོ་གསར་གྱི་ཚེས་གཉིས་དགོང་དྲོ་ཇོ་ཁང་ལ་མེ་སྐྱོན་བྱུང་བའི་བརྙན་དཔར་དང་། དཔར་རིས་ཁག་ཅིག་སྤྱི་ཚོགས་དྲྭ་རྒྱ་བརྒྱུད་ཁྱབ་མགོ་བཙུགས་ཤིང་། ཕྱོགས་མཚུངས་མེ་སྐྱོན་དེ་བཞིན་ས་གནས་དང་ཁ་ཕྱོགས་གང་དུ་བྱུང་མིན་སྐོར་གྱི་གཅིག་མཚུངས་མིན་པའི་གནས་ཚུལ་མང་པོ་ཞིག་ཀྱང་བཀྲམས་མགོ་བཙུགས་སོང་ལ། དུས་ཡུན་སྐར་མ་སུམ་ཅུ་ཡང་མ་འགོར་བར་སྤྱི་ཚོགས་དྲྭ་རྒྱ་ཁག་ལ་སྟངས་འཛིན་དམ་དྲག་བྱ་མགོ་བཙུགས་པ་དང་དུས་མཚུངས་ལྷ་ས་སྤྱི་བདེ་ཁང་ནས་གནས་ཚུལ་དེ་བཀྲམ་མི་ཆོག་པའི་བསྒྲགས་གཏམ་ཡང་སྤེལ་ཟིན་སོང་།

དམར་ལྷབ་ཧ་ཅང་ཆེ་ཞིང་དུ་བ་ནམ་མཁར་འཕྱུར་བའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་ཤར་གྱི་རྒྱ་ཕིབས་ལ་མེ་དམར་སྟུག་པོ་འབར་བཞིན་པའི་བརྙན་དཔར་ལས་བོད་མི་མང་པོས་ངུ་འབོད་བྱེད་པ་དང་། སྨོན་ལམ་འདོན་པ།“༧ རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་ནོ་”ཟེར་བ་ལ་སོགས་པའི་སྐད་སྒྲ་གོ་རྒྱུ་བྱུང་།

ལྷ་སར་དུས་ཡུན་རིང་པོ་སྡོད་མྱོང་ཡོད་པའམ། ཇོ་ཁང་ལ་ཡང་ཡང་ཆོས་མཇལ་ལ་འགྲོ་མྱོང་མཁན་དང་། གཙུག་ལག་ཁང་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན། རྒྱ་ཕིབས་ལ་མེ་འབར་བཞིན་པ་དེ་ཇོ་བོ་རིན་པོ་ཆེ་བཞུགས་གནས་ཀྱི་རྒྱ་ཕིབས་དེ་ཁོ་ན་ཡིན་པ་ལམ་སང་ཤེས་ཐུབ།

མེ་སྐྱོན་གྱི་གནོད་འཚེ་ཆེ་ཆུང་གང་འདྲ་བྱུང་ཡོད་མེད་ལ་མ་བལྟོས་པར། ཕྱི་ཚེས་བཅོ་བརྒྱད་དང་། ལོ་གསར་ཚེས་གསུམ་ཉིན་གཙུག་ལག་ཁང་ལ་གཞུང་ཕྱོགས་ནས་དད་ལྡན་པ་ཆོས་མཇལ་དུ་གཏོང་མགོ་བཙུགས་སོང་། ཆོས་མཇལ་ལ་གཏོང་བའི་ཉིན་དེར་གལ་ཆེ་བའི་བརྙན་པར་དང་། སྐུ་དཔར་གཉིས་མཇལ་རྒྱུ་འདུག

དང་པོ།༽ གཙུག་ལག་ཁང་ལ་ཆོས་མཇལ་གཏོང་བའི་རྣམ་པ།

གཉིས་པ།༽ ཇོ་བོ་རིན་པོ་ཆེ་ཡི་སྐུ་ལ་གསེར་ཆབ་འབུལ་བའི་རྣམ་པ་དང་། ཇོ་བོའི་སྐུ་རྒྱབ་ལ་གོས་ཆེན་གྱིས་བཏུམས་ཤིང་། སྐུ་མདུན་གྱི་ལོ་གསར་སྡེར་ཁ་རྣམས་ཆ་ཚང་བ་མེད་པ། དེ་བཞིན་ཇོ་བོའི་དབུ་ལ་ཉེ་ལམ་གསར་དུ་སྒྲོན་པའི་དབུ་རྒྱན་གསར་པ་དེ་ཡང་བརྗེས་ཏེ་དབུ་རྒྱན་རྙིང་པ་དེ་སྒྲོན་པ་མཇལ་རྒྱུ་འདུག་ལ། ཇོ་བོའི་མཆོད་གཤོམ་གྱི་གཟི་མིག་བཅུ་གསུམ་ཅན་རྣམས་མཇལ་རྒྱུ་མེད་པ། ཁྲ་རྒྱན་གཡུ་དང་། སྤོས་ཤེལ་རྣམས་མཇལ་རྒྱུ་མེད་པ་བཅས་རེད།

དཔར་རིས་དེ་གཉིས་ལས་ཇོ་ཁང་ལ་མེ་སྐྱོན་ཚབས་ཆེན་བྱུང་ཡོད་པ་ཤེས་ཐུབ།

བར་གྱི་གནས་ཚུལ་ཤེས་རྟོགས།

ད་བར་གྱི་གནས་ཚུལ་ཡིད་རྟོན་རུང་བ་དང་། ཁ་གསལ་ཤོས་ནི། གློག་གི་རྐྱེན་རྩ་བྱས་ནས་ཇོ་ཁང་གི་ཐོག་རྩེག་གཉིས་པའམ་གསུམ་པར་མེ་སྐྱོན་བྱུང་བ་དང་། རིམ་བཞིན་ཇོ་བོའི་བཞུགས་གནས་གཙང་ཁང་དབུས་མར་མེ་བཞེས་ཤིང་།དབུ་རྩེའི་རྒྱ་ཕིབས་ཤར་མར་འབར་བཞིན་པའི་མེའི་རྐྱེན་ཆག་དེ་བྱུང་ལ། གཙང་ཁང་དབུས་མར་མེ་བཞེས་པས་མ་ཚད། ཇོ་བོའི་ན་བཟའང་ཚིག་ཅིང་། དེ་བཞིན་ཇོ་བོའི་སྐུ་རྒྱབ་དང་། སྐུའི་གཡས་གཡོན་གྱི་ཉེ་བའི་སྲས་ཆེན་བརྒྱད་དང་བཅས་པར་མེ་སྐྱོན་ཧ་ཅང་ཆེན་པོ་ཕོག་རྐྱེན་ལོ་གསར་ཚེས་པ་གསུམ་ནས་བཟུང་ལྷ་ཁང་དེ་ལ་མཇལ་ཁ་གཏོང་རྒྱུ་གནས་སྐབས་རིང་མཚམས་བཞག་པ་དེ་རྣམས་རེད།

ཇོ་ཁང་གི་ཐོག་རྩེག་གཉིས་པ་དང་གསུམ་པར་མེ་སྐྱོན་ཆེན་པོ་བྱུང་ཡོད་སྟབས་ལོ་གསར་ཚེས་གསུམ་ཉིན་ཐོག་རྩེག་དེ་ཚོར་ཆོས་མཇལ་མ་བཏང་བ་མ་ཟད། ཉིན་དེར་མེས་ཚིག་པའི་ཤིང་རོ་སོགས་དྲག་ཆས་སྤྲས་པའི་མི་སྣས་དབོར་འདྲེན་བྱེད་བཞིན་པ་རྣམས་དད་ལྡན་ཆོས་མཇལ་ཞུ་མཁན་མང་ཚོགས་ཚོས་གཟིགས་པ་རེད།

མེ་སྐྱོན་གྱི་གོད་ཆག་དབང་གིས་ང་ཚོ་བཙན་བྱོལ་ནང་འཚོ་བཞུགས་ཡོད་པའི་བོད་མི་མང་པོའི་ཁྲོད་དུའང་བསམ་པའི་འཁྱེར་ཕྱོགས་དང་། བོད་མིའི་དད་རྟེན་དང་གནའ་དངོས་རིག་གནས་ལ་འདུ་ཤེས་འཛིན་ཕྱོགས་ཅི་བྱུང་གསལ་བས། དེའི་བརྒྱུད་ནས་བོད་ཀྱི་ལས་དབང་ལའང་གོད་ཆགས་ཆེན་པོ་བྱུང་བའི་བསྡོམས་རྩིས་ཤིག་ཐེབས་ཡོད།

གོད་ཆགས་ཁག

དང་པོ།༽ གོད་ཆགས་དང་པོ་ནི་བོད་མིའི་འདུ་ཤེས་ལ་གོད་ཆགས་བྱུང་ཚུལ་ཟེར་བ་འདི་ཡིན།

ང་ཚོ་བོད་མི་རིགས་ལ་ཐུན་མོང་མིན་པའི་ཆོས་དད་ཀྱིས། ནང་རྟེན་དང་འབྲེལ་བའི་གནས་ཆེན་དང་རྟེན་གཙོར་དད་གུས་གཅེས་ཉར་བྱེད་པའི་སྲོལ་ལུགས་ཀྱི་འདུ་ཤེས་ཁྱད་པར་བ་ཞིག་ཡོད་ལ། འདུ་ཤེས་འདིའི་ནང་གི་རྩ་བ་ཆེ་ཤོས་སུ་འཛིན་ཡུལ་ནི་དབུས་ཀྱི་ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་ཁོང་ཡིན་ཞིང་། ཇོ་བོ་ཡིད་བཞིན་ནོར་བུ་ནི་བོད་མིའི་ཆོས་དད་ཀྱི་འདུ་ཤེས་འཛིན་སྟངས་ཤུགས་ཆེའི་ཚབ་མཚོན་གལ་འགངས་ཆེ་ཤོས་དེ་རེད།

ཇོ་བོ་ཁོང་མཇལ་རྒྱུར་དམིགས་ནས་དཔེར་ན་བོད་མདོ་ཁམས་སྟོད་སྨད་ཁུལ་ནས་ནམ་ཉིན་མཚན་སྦྲེལ་ཏེ་བརྐྱང་ཕྱག་འཚལ་ནས་གནས་མཇལ་ལ་འོང་མཁན་སྔ་མོ་ནས་ཡོད་ལ། ཉེ་ཆར་དད་ལྡན་ཁྲི་ཚོ་སྐོར་ཞིག་ཨ་མདོ་སྐུ་འབུམ་བྱམས་པ་གླིང་ནས་མགོ་བཙུགས་ཏེ། ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་འདིའི་མདུན་བར་བརྐྱང་ཕྱག་འཚལ་ནས་འོང་བའི་མགོ་བཙུགས་པ་ལྟར་རེད།

མདོ་ཁམས་སྟོད་སྨད་ཀྱི་གནས་བསྐོར་བ་ཇོ་བོ་རིན་པོ་ཆེའི་ཞབས་པུས་ལ་ཐོད་པ་གཏུགས་ནས་རང་ཡུལ་དུ་ཕྱིར་འཁོར་སྐབས་སུ་ཡུལ་མི་མང་པོས་”མི་འདིས་ཇོ་བོ་ལ་ཐོད་པ་གཏུགས་པ་རེད་”ཟེར་ནས། མི་དེར་ཐོད་པ་གཏུགས་ནས་བྱིན་རླབས་དེ་ཞུ་བའི་སེམས་ཚོར་དྲག་པོ་ཞིག་འཆང་སྲོལ་རྒྱུན་འཇགས་ཡོད་པ་རེད།

དེ་བཞིན་རྒྱུན་དུ་བོད་མིའི་གོམས་གཤིས་ནང་དུ་མི་ཞིག་འཆི་རྐྱེན་བྱུང་ན། ལམ་སེང་ཇོ་བོ་རིན་པོ་ཆེར་འཕོ་བ་ཞུ་བའི་མཚོན་བྱེད་ལྟ་བུར་གསེར་ཀོང་བརྗེ་སྲོལ་སོགས་ཡོད་པ་ལྟར། ང་རང་གི་ཉམས་མྱོང་ལ་ཡང་ཁོ་བོའི་ཨ་ཞང་ལགས་ཤིག་གྲོངས་པ་དང་། ཁོང་གི་ཆེད་དུ་ཇོ་བོའི་སྐུ་མདུན་ལ་འཕོ་བ་ཞུ་མྱོང་ལ། སྐབས་དེ་དུས་འཕོ་བ་ཞུས་པ་དེ་ལས་སྐུ་ཕུང་ལ་ཡང་འཕོ་རྟགས་བྱུང་བར་གླེང་བ་ཞིག་དྲན་བཞིན་འདུག  དེ་བཞིན་རྣམ་ཀུན་བོད་མི་རྒན་གྲས་དག་གི་ངག་རྒྱུན་དུ། མི་ཚེའི་ནང་ཐེངས་གཅིག་ཇོ་བོ་རིན་པོ་ཆེ་མཇལ་ཐུབ་པ་བྱ་དགོས་པ་དང་། ཐེངས་དང་པོར་མཇལ་སྐབས་རང་འདོད་ཀྱི་སྨོན་ལམ་གང་བཏབ་རུང་མངོན་འགྱུར་འོང་ལུགས་བཤད་སྲོལ་ཞིག་ཡོད་ཅེས་ངག་རྒྱུན་དུ་འཇགས་འདུག

ད་དུང་ནམ་རྒྱུན་དམངས་ཁྲོད་ཀྱི་འཚོ་བའི་ནང་ལའང་བོད་མི་མཐོ་དམན་ཚང་མར་ཇོ་བོ་རིན་པོ་ཆེས་བོད་མི་ཚོའི་འདོད་འདུན་བསྒྲུབས་པར་ཡིད་ཆེས་བྱེད་ཀྱིན་ཡོད་པས། དཔེར་ན་ཚོང་པ་ཚོས་ཚོང་ལམ་འགྲོ་ཡོང་ཆེད་གསེར་ཀོང་ནང་གི་མཆོད་མེ་བརྗེ་བ་དང་། སྤྲུལ་པའི་སྐུ་རྣམ་པ་ངོས་འཛིན་ཞུ་ཕྱིར་ཇོ་བོའི་སྐུ་མདུན་དུ་ཟན་རིལ་སྒྲིལ་བ་སོགས་དང་། མི་དང་ཕྱུགས་ལ་གོད་ཆགས་དང་། ནད་མནར་སྐབས་སུ་ཇོ་བོའི་སྐུ་མདུན་དུ་གསེར་ཡིག་བསྲེག་པ་ལ་སོགས་པའི་འདོད་འདུན་འགྲུབ་ཐབས་བྱ་མུས་རེད།

གོང་ཞུས་དེ་རྣམས་བོད་མིའི་དད་རྟེན་གྱི་འདུ་ཤེས་ལས་བྱུང་བའི་སྲོལ་རྒྱུན་གྱི་གོམས་གཤིས་དང་འབྲེལ་བའི་རིག་གནས་གལ་ཆེ་ཞིག་རེད་ལ། རིག་གནས་དེས་མི་རིགས་གཅིག་དང་། དེའི་རིག་གནས་མི་རིགས་གཞན་དང་མི་འདྲ་བ་ཡིན་པའི་ཁྱད་ཆོས་སྟོན་པ་དང་། བོད་རིགས་འདི་ས་གཞི་རིལ་མོ་འདིའི་སྒང་ལ་འཚོ་ཞིང་མུ་མཐུད་གནས་རྒྱུར་ལེགས་སྐྱེས་གཏིང་ཟབ་ཅིག་སྤྲད་ཡོད། འོན་ཀྱང་ད་རེས་མེ་སྐྱོན་འདི་ལས་ངའི་མཐོང་ཕྱོགས་བྱས་ན་བཙན་བྱོལ་ནང་དུ་གནས་འཁོད་བོད་མི་ཚོར་འདུ་ཤེས་འདི་ལ་གོད་ཆགས་ཆེན་པོ་ཞིག་བྱུང་འདུག   དཔེར་ན་མེ་སྐྱོན་བྱུང་རྗེས་བཙན་བྱོལ་དུ་གྱར་བའི་ཆབ་སྲིད་མི་སྣ་དང་། སྤྱི་ཚོགས་སྣེ་ཁྲིད་མི་སྣའི་ནང་མེ་སྐྱོན་འདི་ནི་རྒྱུན་གཏན་གྱི་གནས་ཚུལ་ཞིག་ཡིན་པའི་ཚོད་ཙམ་ལས། གོང་ཞུས་ཀྱི་འདུ་ཤེས་ཡོད་པའི་ཐོག་ནས་བཀའ་མོལ་གསུངས་པའམ་རྩོམ་ཡིག་སྤེལ་བ་དང་། ཞུ་གཏུག་རྒྱབ་པ་ལ་སོགས་པའི་བྱ་བ་སྣེ་གཅིག་ཀྱང་གནང་མཁན་བྱུང་མ་སོང་། ལྷག་པར་ཆོས་བརྒྱུད་ཁག་གི་དབུ་ཁྲིད་རྣམ་པ་དང་། སྤྲུལ་སྐུ། མཁན་བླ། དགེ་བཤེས་རྣམ་པ། དེ་མིན་ཤེས་ཡོན་ཅན་གྱི་མི་སྣ་ལ་སོགས་པས་ཞལ་ནས་མངོན་གསལ་དོད་པོས་མེ་སྐྱོན་དེ་ལ་ཐུགས་སྣང་ཡོད་པའི་བཀའ་མོལ་ད་བར་གསུང་མཁན་གཅིག་ཀྱང་བྱུང་མེད། ནམ་རྒྱུན་ང་ཚོའི་སྤྱི་ཚོགས་དང་། འཚོ་བའི་ནང་གོང་ཞུས་བོད་མིའི་འདུ་ཤེས་དེ་ལ་རམ་འདེགས་གནང་མཁན་དང་། འདུ་ཤེས་དེའི་ཁྱབ་ཁོངས་ལ་ཁེ་ཕན་ཤུགས་ཆེ་ཤོས་ལོངས་སྤྱོད་གནང་མཁན་ནི། བླ་མ་དང་སྤྲུལ་པའི་སྐུ་སོགས་ཆོས་བྱེད་མི་སྣ་གཞན་རྣམས་རེད།

མེ་སྐྱོན་བྱུང་བ་དང་དོན་རྐྱེན་དེ་ལ་བློ་ཚབས་ཆེན་པོའི་སྒོ་ནས་རྩོམ་དང་སྐད་ཆ་བཤད་མཁན་ད་བར་བཙན་བྱོལ་ནང་ཤེས་ལྡན་མི་སྣ་རེ་གཉིས་བྱུང་ཡོད་མོད། དེ་ནི་ཧ་ཅང་གྲངས་འབོར་ཉུང་ཉུང་སོང་སྟབས།   ད་རེས་ཀྱི་མེ་སྐྱོན་འདི་ལས་བོད་མིའི་ཐུན་མོང་མ་ཡིན་པའི་འདུ་ཤེས་འདི་ལ་བཙན་བྱོལ་ནང་གོད་ཆག་བློ་ཡུལ་ལས་ཤོང་དཀའ་བ་ཞིག་བྱུང་སོང་།

བོད་མི་ཚོས་རྒྱུན་གཏན་”ཡིད་བཞིན་ནོར་བུ།”ཞེས་རྩ་ཆེར་བརྩི་བའི་མཚན་ནས་འབོད་སྲོལ་ཡོད་པ་ནི། བོད་མིའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ་༧ གོང་ས༧རྒྱལ་བ་ཡིད་བཞིན་ནོར་བུ་དང་། ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་ཡིད་བཞིན་ནོར་བུ་ཁོ་ན་ལས་མེད།

ཡིན་ནའང་ད་རེས་ལྷ་ལྡན་གཙུག་ལག་ཁང་དང་། ཇོ་བོ་ཡིད་བཞིན་ནོར་བུར་མེ་སྐྱོན་ཚབས་ཆེན་འདི་འདྲ་ཕོག་དུས། ང་ཚོ་བཙལ་བྱོལ་ནང་འཁོད་བོད་མི་ཚོས་སེམས་འཁུར་ཡོད་པའི་བརྡ་སྤྲོད་སྟངས་ལ་ཞིབ་འཇུག་བྱས་ན། ཉེ་བའི་ལོ་རྒྱུས་ནང་གི་འདུ་ཤེས་ལ་གོད་ཆག་ཆེན་པོ་ཤོར་ཡོད་པའི་དཔང་རྟགས་གསལ་པོ་རེད་འདུག གོད་ཆག་འདི་ལ་རྒྱུ་དང་རྐྱེན་མང་པོ་ཡོད་སྲིད་མོད། ད་ལམ་འདིས་ཆབ་སྲིད་དང་། སྲོལ་རྒྱུན་རིག་གནས་ལ་འཛིན་པའི་འདུ་ཤེས་ལ་སྡོམ་ཞིག་རྒྱབ་སོང་།

  གཉིས་པ།༽ གོད་ཆག་གཉིས་པ་ནི་གནའ་རྫས་རིག་དངོས་ལ་གོད་ཆག་ཤོར་བ་དེ་རེད། གཙུག་ལག་ཁང་གི་གཙང་ཁང་ལ་མེ་སྐྱོན་བྱུང་ས་དེ་ནས་མགོ་བཙུགས་པའི་ནང་བསྐོར་གྱི་ཁྱབ་ཁོངས་ནང་། དུས་རབས་བདུན་པ་ནས་བཞེངས་པའི་ལྷ་ཁང་དང་། ཀ་བ། གདུང་མ། ཤིང་བརྐོས་པད་མ་དང་། མཆོད་རྫས། ཤིང་བརྐོས་སེང་གདོང་། ཤིང་བརྐོས་སྐུ་འདྲ་མི་འདྲ་བ་སྣ་ཚོགས་པ། དེ་བཞིན་ཐོག་རྩེག་ཁག་ནང་དུས་རབས་བཅུ་པ་ཡས་མས་ལ་བཞེངས་པའི་བལ་བྲིས་རྙིང་པའི་ལྡེབ་བྲིས་ཀྱི་ཆ་ཤས་མཇལ་རྒྱུ་ཡོད་པ་མ་ཟད། རིན་ཐང་ཅན་གྱི་ཐང་ག་དང་སྐུ་བརྙན་སྣ་ཚོགས་ཧ་ཅང་མང་པོ་ཡོད་པས། མདོར་བསྡུས་ནས་ཞུས་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཁྱབ་ཁོངས་སུ་ཚུད་ཡོད་པའི་གཙུག་ལག་ཁང་ལ་རིག་གནས་གསར་བརྗེའི་སྐབས་དང་། དེའི་སྔོན་ལ་ཉམ་ཆག་ཚབས་ཆེ་ཕོག་མིན་ལ་མ་བལྟོས་པར། རིག་དངོས་རྙིང་པ་རྩ་ཆེ་མང་པོ་ལྷག་ཡོད། དངོས་པོའི་རིག་གནས་དང་། དངོས་མིན་འདུ་ཤེས་ཀྱི་རྩ་ཆེའི་རིག་གནས་གཉིས་ཀས་ལྷ་སའི་གཙུག་ལག་ཁང་དེ་བཞིན་བོད་མིའི་གཅེས་ནོར་གྱུར་པ་རེད།

ཇོ་བོའི་སྐུ་བརྙན་འདི་བཞིན་བོད་དུ་གདན་འདྲེན་ཞུས་པའི་ལོ་རྒྱུས་དེ་ལ་གཞིར་བཅོལ་ནས་སྐད་ཆ་བཤད་སྐབས། ཆབ་སྲིད་དང་། སྒྱུ་རྩལ། རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ། ཀྱག་ཀྱོག་རིང་བའི་བགྲང་བྱའི་ནང་ལ་ལོ་རྒྱུས་ཀྱི་སྒྲུང་རིང་ཐུང་ཧ་ཅང་མང་པོ་ཞིག་ཇོ་བོ་རིན་པོ་ཆེ་དང་འབྲེལ་ནས་བོད་མིའི་སེམས་ཁམས་ལ་འཇགས་ཡོད།

ཇོ་བོའི་སྐུ་བརྙན་འདི་བཞིན་ཐོག་མར་རྒྱ་གར་འཕགས་པའི་ཡུལ་ནས་རྒྱ་ནག་ལ་གདན་འདྲེན་ཞུས་པའི་བྱུང་རིམ་ནས་མགོ་བཙུགས་ཏེ། དེང་སང་ལྟར་གྱི་ཆབ་སྲིད་ཀྱི་སྐད་ཆ་བཤད་སྟངས་བྱས་ན། རྒྱལ་ཁབ་གཉིས་བར་མཛའ་འབྲེལ་དམ་ཟབ་འོང་ཆེད་བོད་ཀྱི་བཙན་པོའི་རྒྱལ་ཁབ་ལ་རྟེན་སྐལ་དུ་ཕུལ་བ་རེད།

སྒྱུ་རྩལ་གྱི་མིག་ཟུར་གཅིག་ནས་བལྟས་ན། ཇོ་བོ་རིན་པོ་ཆེ་ཐོག་མར་བཞེངས་སྟངས་དང་། བར་དུ་རྒྱལ་ཁབ་གཉིས་བརྒྱུད་ནས་མཐོ་སྒང་བོད་དུ་བྱོན་པའི་བརྒྱུད་རིམ་ནི་ཧ་ཅང་ངོ་མཚར་བ་ཞིག་རེད་ལ། བོད་དུ་བྱོན་རྗེས་སུ་ཡང་ཇོ་བོ་ཁོང་གིས་སྐྱིད་སྡུག་མི་འདྲ་བ་དུ་མ་ཞིག་ཀྱང་མཉམ་མྱོང་གནང་ཡོད་ཟེར་མི་ཆོག་པ་མེད།

རྩ་བ་ཆེ་བའི་སྟོན་པ་སྐུ་ན་བཅུ་གཉིས་ཀྱི་རྣམ་པ་ཅན་གྱི་སྐུ་འདྲ་བྱིན་ཅན་དེ་ད་བར་བོད་མི་ཚོས་གཅེས་ཉར་ཞུས་པ་མ་ཟད། གཅེས་ཉར་དེའི་བརྒྱུད་རིམ་ཁྲོད་དུ་དད་པའི་རྟེན་སྐལ་ཐུན་མོང་མ་ཡིན་པར་ངོས་འཛིན་ཞུས་ཏེ། ད་བར་ཤིན་ཏུ་རྩ་ཆེར་བཟུང་ནས་ཇོ་ཁང་གི་རྟེན་གཙོར་བཞུགས་སུ་གསོལ་ཡོད།

འོན་ཀྱང་ད་རེས་ཇོ་ཁང་ལ་མེ་སྐྱོན་ཚབས་ཆེན་འདི་འདྲ་བྱུང་སྐབས་མ་མཐའ་ནའང་སྒྲིག་འཛུགས་ཡོད་པའི་ངོ་བོའི་ཐོག་ནས་ད་བར་དྲྭ་ཐོག་ལ་སོགས་པར་རྒྱ་ནག་གཞུང་ངམ། མཉམ་འབྲེལ་རྒྱལ་ཚོགས་རིག་དངོས་ཤུལ་བཞག་སྡེ་ཚན་ལ་བསྒྲགས་གཏམ་མམ། གཙུག་ལག་ཁང་ལ་མེ་སྐྱོན་བྱུང་བ་དེ་ལས་རིག་དངོས་ལ་ཉམ་ཆག་ཡང་སྙིང་ཆེ་ཆུང་ཇི་ཙམ་བྱུང་མིན་ཁ་གསལ་དགོས་པའི་རེ་འདུན་བཏོན་མཁན་བྱུང་མེད་ལ། ཕྱོགས་ལྷུང་མེད་པའི་སྒྲིག་འཛུགས་ཤིག་བཟོས་ནས་བརྟགས་དཔྱད་ཞིབ་འཇུག་དགོས་པའི་དགོས་འདུན་འདོན་མཁན་ཡང་བྱུང་མ་སོང་། བལྟ་སྟངས་འདི་ལས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་ཐོབ་མཛད་གཙོ་རྣམ་པར་གཙུག་ལག་ཁང་གི་རིག་དངོས་གྱི་ལོ་རྒྱུས་རང་བཞིན་གྱི་རིན་ཐང་ལ་གདེང་འཇོག་མེད་པའི་མངོན་རྟགས་གསལ་པོ་བྱུང་སོང་ལ། བཙན་བྱོལ་སྤྱི་ཚོགས་ཡོངས་ཁྱབ་ལ་རིན་ཐང་འདིའི་འདུ་ཤེས་བརླག་ཟིན་པ་ཡང་བསྟན་སོང་།

བཙན་བྱོལ་སྒྲིག་འཛུགས་ཀྱི་མཛད་གཙོ་ཁག་ཅིག་དང་། བཙན་བྱོལ་ནང་ཚར་ལོང་བྱུང་བའི་བོད་མི་མང་པོར་བོད་ཀྱི་ཇོ་བོ་ཡིད་བཞིན་ནོར་བུ་དང་གཙུག་ལག་ཁང་གཉིས་ཀྱི་རིན་ཐང་ནི་ཧ་ལམ་ལྷ་སྒྲུང་ནང་གི་བྱ་དངོས་ཤིག་ལ་འགྲེལ་བཤད་རྒྱབ་པ་ཙམ་ལས། དོན་དངོས་མཐོ་སྒང་བོད་དུ་རྟེན་གཙོར་བཞུགས་སུ་གསོལ་བ་དང་། དེ་ལ་མེ་སྐྱོན་ཧ་ཅང་ལྗིད་པོ་བྱུང་ཡོད་པ་ནི་རྟོག་བཟོ་ལྟ་བུར་ཆགས་པ་འདྲ། ”གནའ་རྫས་རིག་གནས་ལ་གོད་ཆག་ཤོར་བའི་གོད་ཆག་”ཟེར་བ་དེ་ཡིན།

ཞར་བྱུང་། 

ཇོ་ཁང་ལ་མེ་སྐྱོན་བྱུང་མ་ཐག་སྐད་འཕྲིན་”Wechat” བརྒྱུད་དཔར་རིས་རྫུན་བཟོ་བྱས་པ་ཁྱབ་བསྒྲགས་བྱ་མགོ་བཙུགས་སོང་ལ། རིམ་བཞིན་བཙན་བྱོལ་གནས་འཁོད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་དང་། ཕ་ཡུལ་གསར་འགྱུར་གྱི་དྲྭ་རྒྱ་གཉིས་ལ་དཔར་རྫུན་བཟོ་བྱས་པ་དེ་མཐོང་རྒྱུ་འདུག

གཅིག་བྱས་ན་ད་རེས་ཀྱི་མེ་སྐྱོན་འདི་ལས་བོད་མི་ཚོའི་གཅིག་སྒྲིལ་གྱི་འདུ་ཤེས་དང་། རྩ་ཆེར་འཛིན་པའི་སེམས་ཁམས་ཀྱི་དད་པ་དང་འདུན་པའི་འདུ་ཤེས། ཤུལ་བཞག་རིག་གནས་ལ་རྩ་བ་ཆེ་ཆུང་ཇི་ཙམ་འཛིན་ཕྱོགས་ཀྱི་འདུ་ཤེས།ཡུལ་གྱར་གྱི་འཚོ་བའི་བརྒྱུད་རིམ་ཁྲོད་ཤེས་རིག་གི་དཔལ་ཡོན་དང་། རིག་དངོས་ཀྱི་དཔལ་ཡོན་ལ་འདུ་ཤེས་ཇི་ཙམ་རྒྱུན་འཇགས་ཡོད་མེད་དང་། འདུ་ཤེས་དེ་ལས་ད་བར་སློབ་གསོ་ཤུགས་ཆེ་ཆུང་ཇི་ཙམ་ཐེབས་ཡོད་མེད་ཀྱི་ཚད་དེ་ཡང་བསྟན་པ་འདྲ།

ཕྱོགས་ཡོངས་ནས་ཡིག་ཚད་ཆེན་པོ་ཞིག་བཏང་བ་རེད་ལ། ཡིག་རྒྱུགས་འདི་ལས་འབྱུང་འགྱུར་བོད་ཀྱི་ལས་དབང་ལ་ཁ་ཕྱོགས་ཤིག་བསྟན་པའི་བརྡ་ཞིག་རེད་འདུག

བསྐྱར་བཅོས།: ༢༠༡༨/༠༣/༠༦

Leave a Reply