གསུམ་བཅུའི་དུས་དྲན་རང་ཁྱིམ་དུ་སྲུང་གཙི་གནང་རོཊ།

བོད་མིའི་སྒེར་ལངས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན་བལ་ཡུལ་གཞུང་གིས་ཡུལ་དེའི་ནང་དུས་དྲན་སྲུང་གཙི་བྱེད་པར་ཆོག་མཆོག་སྤྲད་མེད་པ་རེད།

རྒྱ་ནག་གཞུང་གི་གནོན་ཤུགས་འོག་འདས་པའི་ལོ་མང་རིང་ནས་བལ་ཡུལ་ནང་གསུམ་བཅུའི་དུས་དྲན་སྲུང་གཙི་བྱེད་པར་ཆོག་མཆན་སྤྲོད་ཀྱི་མེད་པ་མ་ཟད། དུས་དྲན་སྐབས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁོར་སོགས་བོད་མིའི་འདུས་སྡོད་ཁུལ་དུ་དམག་མི་སྔར་ལས་མང་པོ་འགྲེམས་འཇོག་བྱས་ཏེ་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་པ་ལྟར། འདི་ལོ་ཡང་དུས་དྲན་སྲུང་གཙི་བྱེད་པར་ཆོག་མཆན་མེད་པ་རེད།

དེའི་སྐོར་ལ་བལ་ཡུལ་བོད་མིའི་བདེ་དོན་ཁང་ནས་ཟླ་འདིའི་ཕྱི་ཚེས་ ༦ ཉིན་གལ་ཆེའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། བལ་ཡུལ་གཞུང་ནས་ལོ་ལྟར་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་སྲུང་བརྩི་ཞུ་རྒྱུར་ཆོག་མཆན་བཀའ་འཁྲོལ་གནང་སྲོལ་མེད་པ་བཞིན། འདི་ལོ་ཡང་བཀའ་འཁྲོལ་གནང་མེད་སྟབས་རང་རེའི་བོད་མི་ཡོངས་ནས་གནས་ཚུལ་གཞུང་གི་ཁྲིམས་སྒྲིག་གཉིས་ལས་འགལ་བའི་མི་མང་འདུ་འཛོམས་དང་། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རིགས་རྩ་བ་ནས་སྤེལ་མ་གནང་བའི་འབོད་སྐུལ་ནན་འདྲོང་ཞུ་རྒྱུ་དང་སྦྲགས། བོད་མི་བྱེ་བྲག་སོ་སོའི་རང་ཁྱིམ་དུ་དུས་དྲན་ཉིན་ཕྱག་མཆོད་འབུལ་དང་སྨོན་ལམ་གསུང་འདོན་སོགས་ཀྱི་རྣམ་དཀར་དགེ་བའི་ལས་ལ་མངོན་པར་འབད་གནང་ཡོང་བའི་ཡོངས་ཁྱབ་གསལ་བསྒྲགས་ཞུ་ཞེས་འཁོད་གནང་འདུག

 

 

 

བསྐྱར་བཅོས།: ༢༠༡༨/༠༣/༠༨

Leave a Reply

One thought on “གསུམ་བཅུའི་དུས་དྲན་རང་ཁྱིམ་དུ་སྲུང་གཙི་གནང་རོཊ།