སྟོད་འགག་སྐོར།

བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ།

༄༅།      ཕྱི་ལོ། ༢༠༡༨ ཟླ་ ༡ ཚེས་ ༢༣ འཁོད་པའི་”བོད་ཀྱི་དུས་བབ་”གསར་ཤོག་ནང་། “སྟོད་འགག་དང་། སྟོད་འགག་སེར་པོ་”ཞེས་པའི་ཁ་བྱང་འོག་ཏུ་རྩོམ་ཐུང་ཞིག་མཐོང་བའི་རྐྱེན་ལས། ད་ལམ་”སྟོད་འགག་”སྐོར་ལ་ཅུང་ཟད་གླེང་སློང་ཞུ་འདོད་བྱུང་།

སྤྱིར་བཏང་དགེ་འདུན་ཕ་མའི་ན་བཟའ་སྤྱིའི་སྐོར་ལ་འདུལ་བའི་གཞུང་དུ་གོས་ཀྱི་སྡེ་ཚན་ཁོངས་སུ་ཇི་ལྟར་གསལ་བ་དང་། བོད་ཀྱི་སྲོལ་རྒྱུན་ཐོག་ཏུ་བན་བོན་གཉིས་ཀྱི་ཐུན་མིན་རབ་བྱུང་ཕོ་མོའི་ཆ་ལུགས་སྐོར་ལ་ཡུལ་ཕྱོགས་དང་། གནམ་གཤིས་སོགས་ཀྱི་ཤུགས་རྐྱེན་ལས། གནའ་དེང་སོ་སོའི་ལག་ལེན་ཐོག་ཏུ་འགྱུར་བ་བྱུང་རིགས་མང་ལ་རྙོག་འཛིངས་ཆེ་ཙམ་སྣང་ཡང་། བྱུང་རིམ་དེ་རྣམས་ད་ལམ་སྐབས་དོན་མིན་ཞིང་། འདིའི་སྐོར་ལ་ཞིབ་འཇུག་ལེགས་པོ་དང་འབྲེལ་བའི་བགྲོ་གླེང་རྩོམ་ཡིག་ཁུངས་ལྡན་སྤེལ་མཁན་འོང་བའི་རེ་བ་ཞུ་བཞིན་ཡོད།

སྐབས་འདིར་བོད་རང་གི་དགེ་འདུན་ཕ་མའི་ཆ་ལུགས་”སྟོད་འགག་”སྐོར་ལ་མདོར་བསྡུས་ཤིག་ཞུ་ན། དེ་སྔོན་བོད་ཀྱི་སྲོལ་རྒྱུན་དུ་”གོས་ཆེན་སྟོད་འགག་”དང་། “སྣམ་བུའི་སྟོད་འགག་”ཅེས་རིགས་གཉིས་སུ་ཕྱེ་བ་རེད།

“སྟོད་འགག་སེར་པོ་”འདི་ནི་སྤྱིར་བཏང་”སྣམ་བུའི་སྟོད་འགག་”གི་སྡེ་ཚན་དུ་འདུ་ཞིང་། འདི་ནི་དེ་སྔ་བོད་དབུས་ཕྱོགས་སུ་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་ཞལ་གྲངས་ལྔ་བརྒྱ་ཐམ་པ་ཡོད་པ་ཁོ་ནས་བཞེས་སྲོལ་ཡོད་པས། སྟོད་འགག་འདིའི་མིང་ལའང་”རྒྱུད་སྨད་སྟོད་འགག་”ཟེར་བ་ཡོངས་གྲགས་རེད། དེ་ལ་བརྟེན་ནས་དེང་སང་ཡང་རྒྱུད་སྟོད་གྲྭ་ཚང་གི་མཁན་པོ་དང་། བླ་མ་དབུ་མཛད། སྤྲུལ་སྐུ། གྲྭ་ཚང་ཆོས་མཛད། དགེ་བཤེས། དགེ་འདུན་གྲྭ་རྐྱང་དང་བཅས་པ་ཡོངས་རྫོགས་མ་ཟད། རྒྱུད་སྟོད་ཕྱོགས་སུ་འབྲེལ་བའི་དགའ་ལྡན་ཤར་རྩེ་དང་། རྭ་སྟོད་ལྟ་བུའི་གྲྭ་ཚང་དང་། ཁང་ཚན་དུ་མ་ཡོད་པ་རྣམས་ཀྱི་ ཁོངས་སུ་གཏོགས་པ་རྣམས་ནས་སྟོད་འགག་སེར་པོ་རྒྱུད་སྨད་སྟོད་འགག་འདི་མི་བཞེས་པ་ནི་སྔར་གྱི་བྱུང་རབས་དེ་དང་འབྲེལ་བའི་བོད་མི་རབ་བྱུང་ཕོ་མོའི་ཆས་གོས་ཀྱི་རིག་གཞུང་ཞིག་ཏུ་གྱུར་པས། དེ་སྔ་༧རྒྱལ་བའི་ཡོངས་འཛིན་༧སྐྱབས་རྗེ་རྣམ་གཉིས་ནས་ཀྱང་གསེར་ཞལ་འཚོ་གཞེས་རིང་དེར་རྒྱུད་སྨད་སྟོད་འགག་འདི་གཏན་ནས་བཞེས་གནང་མ་མཛད་པ་དེ་ལྟར་ཡིན། དེང་སང་ཆས་གོས་ཀྱི་རིག་གཞུང་འདི་རིགས་སྤྱི་དང་བྱེ་བྲག་ལ་དོ་སྣང་དང་། བདག་སྤྲོད་བྱ་རྒྱུར་འདུན་པ་དམན་ཞིང་། “རྒྱུད་སྨད་སྟོད་འགག་”འདི་གྱོན་ན། “གོས་ཆེན་སྟོད་འགག་”གྱོན་པའི་སྣང་བ་ལྟ་བུས་ཅུང་ཟད་ཁེངས་སྤོབས་ཐོག་ནས་ཁྱད་པར་འཕགས་ཆོས་ཤིག་ཏུ་རློམས་ཀྱིན་ཡོད་བཟོའི་སྣང་བ་སྟེར་བ་ནི། རྟོག་པས་བཏགས་ཙམ་ཟེར་བ་གང་འདྲ་ཡིན་མིན་ངོ་སྤྲོད་མཚོན་བྱེད་དུ་གྱུར།

སྲོལ་རྒྱུན་ལ་”གོས་ཆེན་སྟོད་འགག་”བཞེས་ཆོག་མཁན་ནི། སྤྱིར་བཏང་སྤྲུལ་སྐུའི་རིགས་དང་། གྲྭ་ཚང་ཆོས་མཛད། གདན་ས་ཆེ་ཁག་དང་དགོན་པ་རྣམས་ཀྱི་མཁན་སློབ། དེ་མིན་ལས་སྣེ་ཆེ་གྲས། རྒྱུད་གྲྭ་རྣམ་གཉིས་ཀྱི་མཁན་པོ། (རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་”བླ་མ་དབུ་མཛད་”དང་། ལས་སྣེས་གོས་ཆེན་སྟོད་འགག་བཞེས་མི་ཆོག) གཞུང་དགའ་ལྡན་ཕོ་བྲང་དང་། ས་སྐྱའི་གཞུང་། གཙང་པཎ་ཆེན་གྱི་བླ་བྲང་”ནང་མ་སྒང་”། “༧རྒྱལ་སྤྲུལ་”ཁག་དང་། “ནང་གི་ཧོ་ཐོག་ཐུའམ”། “ཧོ་ཐོག་ཐུ་ཆེ་ཁག”། དེ་དང་མཚན་གནས་གདན་ཐོབ་འདྲ་མཚུངས་ཡོད་པ་སྨིན་གླིང་ཁྲི་ཆེན། རྡོར་བྲག་རིག་འཛིན་ཆེན་མོ། རྫོགས་ཆེན་པདྨ་རིག་འཛིན། མཚུར་ཕུ་ཀརྨ་པ། དགའ་ལྡན་ཁྲི་པ་ལྟ་བུ་རྣམས་ཀྱི་བླ་བྲང་སོ་སོའི་མཛོད་པ་དང་། ལས་བྱེད་ཆེ་འབྲིང་། གཤམ་གསལ་སྐུ་བཅར་གྲྭ་ཚང་ཁག་གི་དགེ་འདུན་པར་”སྐུ་ཞབས་”ཀྱི་མཚན་བརྗོད་ཞུ་བའི་ཐོབ་ཐང་ཡོད་པ་རྣམས་རེད།

སྐུ་བཅར་གྲྭ་ཚང་ཁག་ནི། ༧རྒྱལ་བའི་སྐུ་བཅར་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པའམ་”རྣམ་རྒྱལ་གྲྭ་ཚང་”གི་སྐུ་ཞབས། དེ་སྔོན་བོད་ཀྱི་༧རྒྱལ་ཚབ་གནང་བའི་སྤྲུལ་སྐུའི་སྐུ་ཕྲེང་”རྒྱལ་སྤྲུལ་”ངོ་མ་རྣམས་དང་། དེ་མིན་༧རྒྱལ་སྤྲུལ་དང་མཚུངས་པའི་”ཧོ་ཐོག་ཐུ་ཆེ་ཁག་”གི་མཚན་གནས་གདན་ཐོབ་ཡོད་པའི་བླ་ཆེན་རྣམས་ལའང་སྐུ་བཅར་གྲྭ་ཚང་རེ་འཛུགས་གཉེར་གནང་རྒྱུའི་ཐོབ་ཐང་ཡོད་པ་ལྟར། སྔ་སོར་”ལྷ་སའི་གླིང་ཁག་བཞི་”ཟེར་བའི་གྲྭ་ཚང་བཞིའི་ནང་ཚན་སྲིད་སྐྱོང་༧རྒྱལ་ཚབ་དེ་མོ་ཧོ་ཐོག་ཐུའི་སྐུ་བཅར་གྲྭ་ཚང་”བསྟན་རྒྱས་གླིང་”། སྲིད་སྐྱོང་༧རྒྱལ་ཚབ་རྟ་ཚག་རྗེ་དྲུང་ཧོ་ཐོག་ཐུའི་སྐུ་བཅར་གྲྭ་ཚང་བརྟན་བཞུགས་ཆོས་འཁོར་གླིང་ངམ་”ཀུན་བདེ་གླིང་”། སྲིད་སྐྱོང་༧རྒྱལ་ཚབ་ཚེ་སྨོན་གླིང་ཧོ་ཐོག་ཐུའི་སྐུ་བཅར་གྲྭ་ཚང་བྱང་ཆུབ་གླིང་གི་གསང་སྔགས་”ཚེ་སྨོན་གླིང་”། སྲིད་སྐྱོང་མིན་རུང་༧རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་”གྲིབ་ཚེ་ཆོག་གླིང་”བཅས་ལྷ་སའི་གླིང་ཁག་བཞི་དང་། གཞན་ཡང་དེ་རྣམས་དང་གནས་སྟངས་ཕྱོགས་མཚུངས་ཡིན་པའི་སྲིད་སྐྱོང་༧རྒྱལ་ཚབ་སྡེ་དྲུག་ཧོ་ཐོག་ཐུའི་སྐུ་བཅར་གྲྭ་ཚང་ལྟ་བུར་གྱུར་པ་”རྨེ་རུ་གྲྭ་ཚང་”ཕུན་ཚོགས་ནོར་བུའི་གླིང་། སྲིད་སྐྱོང་༧རྒྱལ་ཚབ་རྭ་སྒྲེང་ཧོ་ཐོག་ཐུའི་སྐུ་བཅར་གྲྭ་ཚང་ལྟ་བུར་གྱུར་པ་”བཞི་སྡེ་གྲྭ་ཚང་”བསམ་གཏན་གླིང་། སྲིད་སྐྱོང་༧རྒྱལ་ཚབ་སྟག་བྲག་ཧོ་ཐོག་ཐུའི་”སྟག་ལུང་བྲག་རི་ཁྲོད་”བསམ་གཏན་གླིང་། དེ་བཞིན་ཆབ་མདོའི་༧རྒྱལ་བ་འཕགས་པ་ལྷ་ཧོ་ཐོག་ཐུའི་སྐུ་བཅར་གྲྭ་ཚང་”སྐུ་ཞབས་གྲྭ་ཚང་”ངམ། གསང་ཆེན་རྣམ་གྲོལ་གླིང་དང་རྣམ་གྲོལ་གྲྭ་ཚང་དུ་གྲགས་པ་དང་། བྲག་གཡབ་ཧོ་ཐོག་ཐུའི་སྐུ་བཅར་གྲྭ་ཚང་”གྲྭ་ཚང་ནང་པའམ།” འཆི་མེད་རྟག་བརྟན་རྣམ་རྒྱལ་གླིང་བཅས་ཀྱི་དགེ་འདུན་པ་སྐུ་ཞབས་རྣམས་ནས་གོས་ཆེན་སྟོད་འགག་བཞེས་སྲོལ་ཡོད།

ཨ་མདོའི་ཕྱོགས་ནས་༧རྒྱལ་སྤྲུལ་དང་མཚན་གནས་མཉམ་པའི་”ཧོ་ཐོག་ཐུ་ཆེ་ཁག་”གི་ཁོངས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཧོ་ཐོག་ཐུ་དང་། རོང་པོ་ཤར་སྐལ་ལྡན་རྒྱ་མཚོ་ཧོ་ཐོག་ཐུ། ཨ་མདོ་དང་སོག་པོ་ཐུན་མོང་གི་བླ་མར་བརྩི་བ་ལྕང་སྐྱ་ཧོ་ཐོག་ཐུ་སོགས་ཡོད་ཀྱང་། ཁོང་རྣམ་པའི་སྐུ་བཅར་གྲྭ་ཚང་ཟུར་གསལ་ཡོད་མེད་ད་ལམ་དཔྱད་ཞིབ་མ་ཐུབ།

ཕྱི་ཡི་ཧོ་ཐོག་ཐུའམ། ཧོ་ཐོག་ཐུ་ཆུང་ཁག་གི་མཚན་གནས་གདན་ཐོབ་ཡོད་པའི་སྤྲུལ་སྐུ་ཆེ་ཁག་རྣམས་ལ་སྐུ་བཅར་གྲྭ་ཚང་ཡོད་རབས་ཡིག་ལམ་སོགས་ནས་མཐོང་ཐོས་མ་བྱུང་།

དབུས་ཀྱི་གནས་ཆུང་གྲྭ་ཚང་སྒྲ་དབྱངས་གླིང་དང་། དགའ་གདོང་གྲྭ་ཚང་གི་སྐུ་ཞབས་རྣམས་ནས་ཀྱང་”གོས་ཆེན་སྟོད་འགག་”བཞེས་སྲོལ་ཡོད་ལ། གོང་གསལ་གྲྭ་ཚང་དེ་རྣམས་ཀྱི་དགེ་འདུན་པར་”སྐུ་ཞབས་”ཞུ་དགོས་པའི་ཐོབ་ཐང་ཡང་ཡོད་པ་གོང་སྨོས་ལྟར་ཡིན།

དེ་མིན་དབུས་ཀྱི་རྒྱུད་གྲྭ་སྟོད་སྨད་དང་། གདན་ས་གསུམ། གཙང་བཀྲ་ཤིས་ལྷུན་པོ་སོགས་རིས་མེད་དགོན་སྡེ་ཆེ་ཕྲའི་དགེ་འདུན་བྱིངས་ལ་”སྐུ་ཞབས་”ཞེས་ཞུ་བའི་ཐོབ་ཐང་མེད་ཅིང་། “སྣམ་བུའི་སྟོད་འགག་”མ་གཏོགས”གོས་ཆེན་སྟོད་འགག་”བཞེས་མི་ཆོག་པའི་སྲོལ་ཡོད།

སྤྱིར་བཏང་སྤྲུལ་སྐུ་དང་། གྲྭ་ཚང་ཆོས་མཛད་རྣམས་ནས་”གོས་ཆེན་སྟོད་འགག་”རྒྱུན་བཞེས་ཆོག་ཀྱང་། ཁོང་རྣམས་གྲྭ་སར་བཞུགས་ནས་མཚན་ཉིད་གསན་སྦྱོང་གིས་དགེ་བཤེས་མཚན་རྟགས་མ་གྲུབ་བར་དུ་རང་ཁོངས་གྲྭ་ཚང་སོ་སོའི་སྒྲིག་སྲོལ་ཇི་བཞིན་གོས་ཆེན་སྟོད་འགག་བཞེས་ཆོག་པ་དང་མི་ཆོག་པ། དེ་ལའང་རིགས་མི་འདྲ་བ་སོགས་ལ་ཁྱད་པར་ཡོད་པ་ནི། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་སྤྲུལ་སྐུ་ཆོས་གྲྭར་ཕེབས་མུས་རྣམས་ནས་”གོས་ཆེན་སྟོད་འགག་”སྤྱི་མཚུངས་བཞེས་མི་ཆོག་ཀྱང་། སྟོད་འགག་གི་”མེ་ལོང་”གོས་ཆེན་དམར་རྐྱང་འཇམ་སང་ཅན་ཞིག་བཞེས་སྲོལ་འདུག   འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་དང་། དགའ་ལྡན་ཤར་བྱང་གཉིས་ཀྱི་གྲྭ་ཚང་རྣམས་ལ་དེ་འདྲའི་སྒྲིག་སྲོལ་མེད་པས་སྤྲུལ་སྐུ་དང་། གྲྭ་ཚང་ཆོས་མཛད་རྣམས་ནས་”གོས་ཆེན་སྟོད་འགག་”སྤྱི་མཚུངས་བཞེས་ཆོག སེ་རའི་གྲྭ་ཚང་བྱེས་སྨད་གཉིས་ཀྱི་སྤྲུལ་སྐུས་”གོས་ཆེན་སྟོད་འགག་”བཞེས་མི་ཆོག་པས། “སྣམ་བུའི་སྟོད་འགག་”བཞེས་དགོས།

སྟོད་འགག་གི་བཟོ་དབྱིབས་དང་ཆ་ཤས་སོ་སོའི་མིང་གི་སྐོར་ཕལ་ཆེ་བ་”གོས་ཆེན་སྟོད་འགག་”ལ་མ་གཏོགས་”སྣམ་བུའི་སྟོད་འགག་”ལ་དབྱེ་རྒྱུ་མེད། སྟོད་འགག་གཉིས་ཀར་གོང་བ་ལྟ་བུར་”གོང་སོར་”ཞེས་པའི་སྣམ་བུ་ནར་མོ་རིང་ཐུང་སྟོད་འགག་དང་མཉམ་པ། ཞེང་ལ་སོར་བརྒྱད་དགུ་ཙམ་ཡོད་ལ། སྟོད་འགག་གྱོནསྐབས་གོང་བ་འདི་སུམ་ལྟེབ་བྱས་ཏེ་གྱོན་དགོས་པ་རེད།

དེ་ནས་ཕྲག་དཔུང་གཉིས་སུ་”ཨ་མཆོག་”ཅེས་པའི་སྣམ་བུ་ནར་མོ་ཞེང་ལ་སོར་བཞི་ལྔ་སྐོར་ཡོད་པའི་ཟུར་མདུན་མ་ཐད་ཀར་བཅད་པ་ཞིག་དང་། དེའི་མཐར་”འཁྲིལ་སྐུད་”ཟེར་བའི་སྐུད་པ་སྔོན་པོ་སྦོམ་ཙམ་གྱིས་ཁོར་ཡུག་ཏུ་བསྐོར་བ་བཅས་ནི་སྟོད་འགག་གི་རིགས་གཉིས་ཀར་མཚུངས་པ་རེད།

སྟོད་འགག་གི་གོང་སོར་དང་། ཨ་མཆོག་གཡས་གཡོན་བར་གྱི་མདུན་རྒྱབ་ཀྱི་ཆ་རྣམས་ལ་གོས་ཆེན་དང་སྣམ་བུ་གང་བཏང་ལ་བརྟེན་ནས་གོས་ཆེན་སྟོད་འགག་དང་། སྣམ་བུའི་སྟོད་འགག་གི་དབྱེ་བ་འབྱེད་པས། དེ་ལ་”མེ་ལོང་”ཟེར་བ་རེད།

གོས་ཆེན་སྟོད་འགག་གི་མདུན་ངོས་གཡས་གཡོན་གཉིས་སུ་ངེས་པར་དུ་གོས་ཆེན་རྒྱ་སེར་མཐོ་གང་ཡས་མས་གྲུ་བཞི་གསེག་བཏུབ་བྱས་པ་ཞིག་གླན་ཞིང་། དེ་ལ་”རྭ་”ཟེར་བ་རེད།

གོས་ཆེན་སྟོད་འགག་གི་རྒྱ་སེར་གྱི་”རྭ་”དེའི་འོག་ནས་མཆན་འོག་ཏུ་གོས་ཆེན་སེར་པོ་ལ་གསེར་ཊམ་ཡོད་པ་དང་། གསེར་གྱི་སྤྲིན་རིས་སོགས་ཡོད་པའི་གོས་ཆེན་གསེར་མ་སེར་པོ་ཞིག་ལ་སུལ་མང་པོ་བསྟར་བསྒྲིགས་ཀྱིས་བསྡུས་ཏེ་གླན་པར་བྱེད་ཅིང་། དེ་ལ་”གྲུབ་ཆེན་བརྒྱད་ཅུ་”ཟེར་།

སྟོད་འགག་གི་ནང་ཤ་སྤྱིར་བཏང་སྣམ་བུའམ། རས་དམར་སྨུག་ཚོས་གཞི་གཞི་མཚུངས་ཤིག་གཏོང་སྲོལ་འདུག འོན་ཀྱང་གོང་བའི་ནང་ཤ་གྲུ་ཙི་དང་། རས་དམར་པོ་གང་རུང་གླན་ཞིང་། རྒྱུད་གྲྭ་རྣམ་གཉིས་ཀྱི་དགེ་འདུན་པས་གོང་སོར་འདིའི་ནང་ཤ་སྣམ་བུ་ཚོས་གཞི་ཞེ་མཚུངས་མ་གཏོགས་དམར་པོ་བཏང་བ་བཞེས་མི་ཆོག

དེ་རྣམས་ཀྱི་འོག་མཐར་སྟོད་འགག་གི་གོས་ཆེན་རྫོགས་མཚམས་ནས་ཁོར་ཡུག་ཏུ་ནང་ཤ་རྐྱང་པ་མངོན་ཞིང་། སྟོད་འགག་སྟེང་ནས་སྐེ་རགས་བཅིངས་འཕྲོས་ད་དུང་སྟོད་འགག་གི་སྨད་ཆ་མཐོ་གང་ལྷག་ཙམ་ཤམ་ཐབས་འོག་ཏུ་ཚུད་པ་ཞིག་ཡིན།

སྣམ་བུའི་སྟོད་འགག་གི་”མེ་ལོང་”ལ། “རྒྱུད་སྨད་སྟོད་འགག་”ལ་སྣམ་བུ་སེར་པོ་དང་། དེ་མིན་རིགས་ལ་སྣམ་བུ་རྒྱུ་ཆ་དང་ཚོས་གཞི་གྲྭ་ཆས་དང་འདྲ་བའི་དམར་སྨུག་ཞེ་མཚུངས་དགོས་པ་རེད།

གོས་ཆེན་སྟོད་འགག་གི་”མེ་ལོང་”ལ་གོས་ཆེན་འདྲ་མིན་རིགས་བཞི་ཙམ་བེད་སྤྱོད་གཏོང་སྲོལ་ཡོད་ལུགས་བརྗོད་ཆོག་པ་མིན་ནམ་སྙམ་པས། དང་པོ་ནི། “དམར་སེར་རྒྱན་དྲུག་”ཟེར་བ་གོས་ཆེན་གཞི་དམར་པོ་འཇམ་སང་ལ་གསེར་རིས་ཀྱི་ཊཾ་ག་ཐར་ཐོར་ཡོད་པ་དང་། དེ་ལ་རྒྱ་སེར་གྱི་རྭ་ཡོད་པ་ཞིག་སྟེ། འདི་ནི་སྤྲུལ་སྐུ་དང་། མཁན་བླ། ཆོས་མཛད་སོགས་ཆོས་ཕྱོགས་ཀྱི་མི་སྣའི་རྒྱུན་བཞེས་གཙོ་ཆེ་ཡིན།

གཉིས་པ་ནི། “རྟ་ཚག་མངགས་འཐག་”ཟེར་བའི་གོས་ཆེན་སྤྱིར་བཏང་གཞི་དམར་པོ་ལ། དེའི་སྟེང་གསེར་རིས་ཀྱི་སྤྲིན་པས་གང་བ་ཞིག་དང་། དེའི་སྟེང་རྒྱ་སེར་གྱི་རྭ་ཡོད་པའི་གོས་ཆེན་སྟོད་འགག་གི་རིགས་འདི་གཉིས་མང་ཤོས་སུ་སྣང་། ཕྱིས་སུ་གཞི་དམར་རྐྱང་གོང་མཚུངས་ལ་གསེར་རིས་འདྲ་མིན་སྣ་ཚོགས་དར་སོང་ཡང་། གཞི་དམར་པོ་ཁོ་ན་མ་གཏོགས་ཚོས་གཞི་མི་འདྲ་བ་དང་། ཚོན་ཁྲའི་རིགས་ནི་མེད། འདི་ནི་གོང་གསལ་མི་སྣ་རྣམས་ཀྱི་རྒྱུན་བཞེས་དང་། ཅུང་ཟད་གཟབ་བཞེས་ཅི་རིགས་གྲས་སུ་གཏོགས།

གསུམ་པ་ནི། “སངས་རྒྱས་སྐུ་ཤའི་སྟོད་འགག་”སྟེ། མེ་ལོང་ལ་”སངས་རྒྱས་སྐུ་ཤ་”ཟེར་བའི་གོས་ཆེན་གསེར་སྐུད་འབའ་ཞིག་གིས་རི་མོ་འདྲ་མིན་ཟུར་དུ་མེད་པར་འཐགས་པའི་གོས་ཆེན་གསེར་མ་འཇམ་སང་བཏང་བ་ཞིག་རེད། དེའི་སྟེང་རྒྱ་སེར་གྱི་རྭ་ཡོད། སངས་རྒྱས་སྐུ་ཤ་འདི་ལ་གསེར་སྐུད་འོད་མདངས་ཡོད་མེད་རིགས་གཉིས་ཡོད། འདི་ནི་གཞུང་ཞབས་རྣམ་པས་རྒྱུན་བཞེས་མཛད་སྲོལ་ཤས་ཆེ་བར་སྣང་ཡང་། སྤྲུལ་སྐུ་དང་བླ་མ་ལས་སྣེས་ཀྱང་འདི་རིིགས་བཞེས་མཁན་ཡོད།

བཞི་པ་ནི། རྒྱ་སེར་སྟོད་འགག་སྟེ། དེ་ལ་ཨུ་རུ་སུའི་རྒྱ་སེར་དང་། སྟོད་རྒྱ་སེར། སྨད་རྒྱ་སེར། ཝཱ་རཱ་ཎཱ་སིའི་རྒྱ་སེར་བཅས་རིགས་བཞི་དར་བ་མཐོང་དང་རི་མོ་ཆ་ཚང་གསེར་མ་འབའ་ཞིག་ཡིན་པ་ཞིག་དགོས་ལ། འདི་ལ་མེ་ཏོག་སོགས་ལ་ཚོན་ཁྲ་ཅུང་ཟད་ཡོད་པ་རེད། དེའི་སྟེང་རྒྱ་སེར་གྱི་རྭ་ཡོད། སྤྱིར་བཏང་རི་པིན་རྒྱ་སེར་ཟེར་བ་ཞིག་དར་ཡང་། དེ་ལ་གསེར་མ་རྐྱང་པ་ཞིག་མེད་པའམ། བོད་དུ་དར་སོ་མ་བྱུང་བ་གང་ལྟར་གོས་ཆེན་འདིས་ནི་སྟོད་འགག་བཟོ་ཕན་མི་ཐོགས་པ་ཡིན། རྒྱ་སེར་རྣམས་ལ་བརྩི་མཐོང་ཆེ་ཆུང་གི་གོ་བབ་ཡོད་ཅིང་། དེའི་རིམ་པའང་གོང་གསལ་གྱི་གོ་རིམ་ལྟར་རེད། རྒྱ་སེར་སྟོད་འགག་ནི་གཟབ་སྤྲོས་ཁོ་ནའི་ཆེད་ཡིན་ལ། བཞེས་མཁན་བླ་ཆེན་དང་། མི་ཆེན། དགོན་པའི་ལས་སྣེ་ཆེ་ཁག་སོགས་རེད།

སྣམ་བུའི་སྟོད་འགག་གི་ཆ་ལག་ཆ་ཚང་སྤྱིར་བཏང་གྲྭ་ཆས་ཀྱི་ཚོས་གཞི་རྒུན་འབྲུམ་མདོག་ཅན་འདི་རང་ཡིན་ཞིང་། དེ་སྔོན་ཕྱི་ནང་གཉིས་ཀ་སྣམ་བུ་ཡིན་པས་མཐུག་པོ་དང་། ལྗིད་ཀྱང་ཆེ་ལ། ཕྱིས་སུ་དཔལ་འབྱོར་གྱི་ཆ་རྐྱེན་བཟང་དུ་སོང་བ་ལ་བརྟེན་ནས་སྟོད་འགག་གི་གོང་བ་དང་། “ཨ་མཆོག་”གཉིས་ཀ་སྣམ་བུས་བཟོས་ཏེ། དེ་བྱིངས་”མེ་ལོང་”ཐེར་མ་ཚོས་མདོག་གཞི་མཚུངས་བཏང་བ་ཞིག་བཞེས་སྲོལ་དར་ཞིང་། ད་དུང་འབྱོར་ལྡན་འགའ་རེས་སྟོད་འགག་གི་གོང་དང་། ཨ་མཆོག་གཉིས་ཀྱང་”ཤད་མ”ཞེས་པའི་སྣམ་བུ་སྲབ་པོ་སྤུས་ལེགས་འོད་མདངས་ཡོད་པ་ཞིག་ཐོན་པ་དེ་འདྲས་བཟོས་ཤིང་། ནང་ཤའང་སྣམ་བུ་མིན་པར་ཐེར་མ་དམར་སྨུག་སྲབ་པོ་དང་། མོ་ལ་བྱིང་ཟེར་བའི་རས་ཆ་སྲབ་པོ་སྤུ་ཡོད་འཇམ་པོ་དམར་པོ་དེ་འདྲ་གཏོང་རྒྱུར་དྭང་འདོད་བྱས་སོང་ཡང་། རྒྱུད་གྲྭ་སྟོད་སྨད་མ་གཏོགས་དེ་མིན་གྲྭ་ས་ཁག་ལ་འདི་རིགས་གསར་སྤྲོས་མི་ཆོག་པའི་དམ་བསྒྲགས་མེད་པ་བཅས། སྔ་མོའི་སྟོད་འགག་གི་བྱུང་རིམ་མདོར་བསྡུས་ཤིག་ཡིན།

བསྐྱར་བཅོས།: ༢༠༡༨/༠༣/༡༠

Leave a Reply

One thought on “སྟོད་འགག་སྐོར།

  1. ཕུན་ཚོགས་དངོས་གྲུབ།

    ཧ་ཅང་ཡག་པོ་འདུག །ད་དུང་གྲྭ་ཆས་གཞན་གྱི་སྐོར་ཡང་སྤེལ་ཐུབ་ན་ཡག་པོ་འདུག་པས་དེ་དོན་དགོངས་པར་བཅང་མཛོད།