ཞི་ཅིན་ཕིན་ངའི་སྲིད་འཛིན་མིན།

ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་སློབ་གཉེར་བ་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་སྲིད་འཛིན་དུས་ཡུན་བསྐྱར་བཅོས་ལ་ངོ་རྒོལ་བྱེད་ཀྱི་འདུག

ཟླ་འདིའི་ཕྱི་ཚེས་༧ ཉིན་ཨེ་ཧྥུ་ཕི་གསར་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། ཨ་རི་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་རྒྱ་ནག་གི་སློབ་མ་མང་པོས་སྲིད་འཛིན་ཞི་ཅིན་ཕིན་གྱི་པར་རིས་ངོས་སུ་དབྱིན་ཡིག་དང་རྒྱ་ཡིག་གིས་ངའི་སྲིད་འཛིན་མིན་ཞེས་པའི་ངོ་རྒོལ་འབོད་ཚིག་བྲིས་ཏེ། ཕྱིའི་གཙུག་ལག་སློབ་ཆེན་ཁག་གི་སྦྱར་པང་ངོས་སུ་སྦྱར་ཏེ་སྐྱོན་བརྗོད་དང་ངོ་རྒོལ་བྱེད་ཀྱི་ཡོད་འདུག

ངའི་སྲིད་འཛིན་མིན་ཞེས་པའི་ལས་འགུལ་དེ་ཐོག་མར་ཨ་རིའི་ཁལ་ལེ་ཧྥོ་ནེ་ཡ་གཙུག་ལག(University of California)སློབ་ཆེན་གྱི་རྒྱ་རིགས་སློབ་མ་ཚོས་སྤེལ་མགོ་བཙུགས་ཡོད་པ་དང་། ཉིན་གཉིས་ཀྱི་རྗེས་སུ་ཨ་རིའི་ནེའུ་ཡོག་ཏུ་ཡོད་པའི་ཁོ་ལུམ་བྷེ་ཡ་(Columbia University)གཙུག་ལག་སློབ་ཆེན་དང་ནེའུ་ཡོག་གཙུག་ལག་སློབ་ཆེན་(New York University)་སོགས་ཀྱི་ནང་ངོ་རྒོལ་ལས་འགུལ་དེ་ཁྱབ་ཡོད་པ་དང་། ད་ལྟ་ཨ་རིའི་སློབ་ཆེན་ཁག་དང་ཁ་ན་ཌ། ཨོ་རི་ཊོ་ལི་ཡ། དབྱིན་ཡུལ་སོགས་ཀྱི་རྒྱལ་སྤྱིའི་གྲགས་ཅན་གཙུག་ལག་སློབ་ཆེན་ཁག་ ༩ ནང་རྒྱ་རིགས་སློབ་མ་ཚོས་ངའི་སྲིད་འཛིན་མིན་ཞེས་པའི་ལས་འགུལ་དེ་སྤེལ་གྱི་ཡོད་འདུག

གནད་དོན་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་འཚོགས་བཞིན་པའི་སྲིད་གྲོས་དང་དམངས་ཆེན་ཚོགས་འདུ་ཟེར་བའི་སྟེང་རྒྱ་ནག་གི་སྲིད་འཛིན་དུས་ཡུན་ངེས་མེད་བཟོ་བའི་གྲོས་གཞི་བཏོན་པར་བརྟེན་བྱུང་ཡོད་པ་དང་། ལས་འགུལ་དེ་ངོ་བོ་ཆུང་ཆུང་ཞིག་གི་ཐོག་ནས་མགོ་བརྩམས་ཏེ་ཕྱི་སྡོད་རྒྱ་རིགས་སློབ་གཉེར་བའི་ནང་ཧ་ཅང་ཁྱབ་ཆེ་རུ་ཕྱིན་ཏེ་རྒྱལ་སྤྱིའི་ཐོག་ནས་དོ་སྣང་ཆེན་པོ་ཡོང་གཞི་ཞིག་ཏུ་གྱུར་ཡོད་འདུག

ལས་འགུལ་དེའི་སྣེ་འཁྲིད་པ་རྒྱ་རིགས་སློབ་གཉེར་བ་མིང་བརྗོད་འདོད་མེད་པ་ཞིག་གིས་ཕྱི་འབྲེལ་སྲིད་ཟུས་(FP)ཞེས་པའི་གསར་ཁང་ལ། ང་ཚོ་རྒྱ་ནག་སྐམ་ས་ཆེན་མོ་ནས་ཡོང་དེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སློབ་གཉེར་བྱེད་བཞིན་ཡོད། འོས་འདེམས་མ་བྱས་པར་དབང་ཤུགས་ཅན་གྱི་མི་ཞིག་གིས་མི་ཚེ་གང་བོར་སྲིད་དབང་སྒེར་འཛིན་བྱེད་པ་དེར་ང་ཚོ་འདོད་མོས་རྩ་བ་ནས་མེད། ཅེས་བརྗོད་འདུག

རྒྱལ་སྤྱིའི་ཆབ་སྲིད་དབྱེ་ཞིབ་པ་ཚོས། ཐེངས་འདིའི་རྒྱ་རིགས་སློབ་མའི་ལས་འགུལ་དེ་ནི་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་རིགས་སློབ་གཉེར་བ་ཚོས་དངོས་སུ་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་བྱས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། ཐ་ན་ཁོ་ཚོ་རང་གི་ཕ་ཡུལ་དང་ཁ་ཐག་ཧ་ཅང་རིང་བའི་ས་ན་ཡོད་ན་ཡང་། ཁོ་ཚོས་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་བྱེད་པ་དེ་ཧ་ཅང་དཀོན་པོ་དང་མི་མངོན་པ་ཞིག་ཡིན་པས། ལྟོས་བཅས་ཀྱིས་མེད་པ་རེད་ཅེས་བརྗོད་ན་འགྲིག་གི་ཡོད་པ་རེད། ཁོ་ཚོས་ག་དུས་ཡིན་ནའང་རྒྱ་ནག་གཞུང་གིས་འཁོན་ལན་སློག་ཨེ་ཡོང་བསམ་པ་དང་། ཁོ་ཚོ་ཕྱིར་རྒྱ་ནག་ཏུ་ལོག་སྐབས་ལས་ཀ་མེད་པར་གཏོང་བ་དང་ཐ་ན་བདེ་འཇགས་སོགས་ལ་ཉེན་ཁ་ཡོད་པས་རེད། ཅེས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༠༩

Leave a Reply

One thought on “ཞི་ཅིན་ཕིན་ངའི་སྲིད་འཛིན་མིན།

  1. གཞུང་པ་ཚེ་དབང་བསོད་ནམས་

    རྒྱ་ནག་གི་ཕྱི་སྡོད་སློབ་ཕྲུག་སྟོང་ཁ་ཤས་ཀྱི་ཞི་ཅིན་ཕི་ངའི་སྲིད་འཛིན་མིན་ལབ་པ་འདིའི་རྒྱ་ནག་མི་འབོར་གདུང་ཕྱུར་མང་པོའི་སྤྱི་ཚོགས་ལ་འགུལ་ཀྱོག་གང་ཡང་ཐེབ་ཀྱི་མ་རེད་དོ་།