བར་སྣང་གི་ཕོ་བྲང་དང་པོ་ས་ལ་ལྷུང་རྒྱུ་རེད།

རྒྱ་ནག་གཞུང་གིས་ཆབ་དཔལ་རིག་གསུམ་གྱི་མཚོན་རྟགས་ཏུ་བསྒྲགས་པའི་བར་སྣང་གི་ཕོ་བྲང་དང་པོ་ཞེས་པའི་འཕུར་ཆས་དེ་མི་རིང་བར་ས་ལ་ལྷུང་རྒྱུ་ཡིན་སྐོར་བརྗོད་ཀྱི་འདུགརྒྱལ་སྤྱིའི་བར་སྣང་འཁོར་སྐར་ལྟ་ཞིབ་ཚོགས་པས་བསྒྲགས་པའི་གནས་ཚུལ་ལྟར་ན། འཕུར་ཆས་དེ་བསྐྱར་བཅོས་བྱ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་པ་དང་། གལ་ཏེ་གས་འཐོར་ཆེན་པོ་ཕྱིན་པ་ཡིན་ན། འཕུར་ཆས་ཀྱི་ཆག་རོ་ས་ལ་བརྡབ་པའི་ལྗིད་ཚད་དེ་ཏིན་ ༨.༥ དང་། ནུས་ཤུགས་ཀྱི་ཁྱབ་ཚད་སྤྱི་ལེ་ ༡༠༠ ལྷག་ཅིག་ཡིན་པ་དང། ཆག་རོ་ལ་དུག་ནུས་ཅན་གྱི་རྫས་ཡོད་སྟབས། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་སྒེར་གཉེར་མཁའ་ལམ་གནམ་གྲུ་གཏོང་མཁན་ཚོར་ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་ཡོད་འདུག

བར་སྣང་ལྟ་ཞིབ་པ་ཚོས་བཏོན་པའི་ས་ཁྲ་ལྟར་ན། འཕུར་ཆས་དེ་ལྷུང་སའི་ས་ཐིག་ནི་སའི་གོ་ལའི་བྱང་ངོས་ཀྱི་ཚད་༤༣ དང་ལྷོ་ངོས་ཀྱི་ཚད་༤༣ ཡིན་པའི་ཕྲད་ཐིག་སྟེང་ལྷུང་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་རྒྱ་ནག་གི་ནུབ་རྒྱུད་ཁུལ་དང་དཀྱིལ་ཤར་ཨེ་ཤ་ཡ། ཨེ་ཊ་ལི་ཡི་ས་ཆའི་དཀྱིལ་སྙིང་དང་ཨ་རི། སི་པན་གྱི་ལྷོ་རྒྱུད་ཁུལ། དེ་བཞིན་ནེ་ཛི་ལན་ཊི(New Zealand)དང་ཊ་སི་མྰ་ནེ(Tasmania)། ལྷོ་ཨ་མི་རི་ཁ་དང་ལྷོ་ཨ་ཧྥི་རི་ཁའི་ས་ཆའི་ཆ་ཤས་ཤིག་ཡིན་པར་བརྗོད་ཡོད་པ་དང་། འཕུར་ཆས་ལྷུང་དུས་ཀྱི་དུས་ཚོད་དེ་ཟླ་༣ ཚེས་ ༢༩ ནས་ཟླ་༤ ཚེས་༩ ནང་ཞིག་ཡིན་པར་བརྗོད་ཡོད་འདུག

ཨ་རིའི་ཧ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་གི་གནམ་རིག་པ་སྐུ་ཞབས་ཇོ་ནྰ་ཐི་(Jonathan McDowell)ཡིས་བརྗོད་པ་ལྟར་ན། མཁའ་དབྱིངས་སུ་བཏང་བའི་མེ་ཤུགས་འཕུར་མདའ་སོགས་གས་འཐོར་ཕྱིན་པའི་ཆག་ཧྲུག་དག་ནི་ལོ་ལྟར་འདི་བཞིན་སའི་གོ་ལའི་སྟེང་ལྷུང་གི་ཡོད་པ་རེད། ཡིན་ན་ཡང་། ཐེངས་འདིའི་འཕུར་ཆས་དེ་དེ་དག་དང་མི་འདྲ་བར་བོངས་ཚད་ཧ་ཅང་ཆེ་བས་ང་ཚོའི་མིག་གིས་འཚོས་ནས་འདུག་དགོས་ཀྱི་འདུག ཅེས་བརྗོད་འདུག

ཡང་ཁོས། རྒྱ་ནག་གི་ཐིན་གུང་འཕུར་ཆས་དེ་འདས་པའི་ཟླ་ཤས་ནང་མར་ལྷུང་ཚད་མགྱོགས་རུ་འགྲོ་ཡི་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་མར་ལྷུང་ཚད་སྤྱི་ལེ་༡.༥་དང་བསྡུར་ན། ད་ལྟ་བདུན་རེའི་ནང་མར་ལྷུང་ཚད་དེ་སྤྱི་ལེ་༦ རེད། ཡིན་ན་ཡང་། མར་ལྷུང་ཚད་སོགས་རྒྱུན་ལྡན་ལྟར་མིན་པར་གནམ་གཤིས་སོགས་ཀྱི་རྐྱེན་གྱིས་འགྱུར་བ་འགྲོ་ཡི་ཡོད་པས་ཚད་གཞི་ངེས་གཏན་ཞིག་འཛིན་ཐུབ་རྒྱུ་ཁག་པོ་རེད། ཅེས་བརྗོད་འདུག

ཐེན་གུང་འཕུར་ཆས་(Tiangong-1)ནི་ཕྱི་ལོ་ ༢༠༡༡ ལོ་མཁའ་དབྱིངས་སུ་བཏང་ཡོད་པ་དང་། དེ་ནི་རྒྱ་ནག་གི་ཆེས་ཐོག་མའི་འཕུར་ཆས་དང་པོ་སྟེ་བར་སྣང་གི་ཕོ་བྲང་དང་པོ་ཞེས་འབོད་ཀྱི་ཡོད་འདུག འཕུར་ཆས་དེ་བར་སྣང་ལ་བཏང་ནས་ལེགས་འགྲུབ་བྱུང་རྗེས། དེ་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་མཚོན་རྟགས་ཆེན་པོ་ཞིག་ཡིན་པ་དང་། རྒྱ་ནག་གིས་ཚན་རིག་ལ་སྐུལ་འདེད་བྱས་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་བསྒྲགས་ཡོད་པ་རེད། ཕྱི་ལོ་༢༠༡༢ ལོར་རྒྱ་ནག་གི་མཁའ་དབྱིངས་སྐོར་སྐྱོད་པ་ཐོག་མ་ལོའུ་ཡཱང་ (Liu Yang)འཕུར་ཆས་དེར་ལྟ་སྐོར་དུ་ཕྱིན་ཡོད་ན་ཡང་། ཕྱི་ལོ་ ༢༠༡༦ ནས་འཕུར་ཆས་ལ་སྐྱོན་ཤོར་ཡོད་པ་ངོས་ལེན་དང་བསྐྱར་དུ་བཟོས་བཅོས་བྱ་མི་ཐུབ་པ་བསྒྲགས་ཡོད་འདུག

མིའི་རིགས་ཀྱིས་མཁའ་དབྱིངས་སུ་གནམ་དཔྱད་འཕུར་ཆས་གཏོང་མགོ་ཚུགས་པ་ནས་ད་ལྟའི་བར་དུ་འཕུར་ཆས་མང་པོ་ཞིག་ཕྱིར་སའི་གོ་ལའི་སྟེང་ལྷུང་ཡོད་ན་ཡང་མི་ལ་གནོད་སྐྱོན་ཕོག་པའི་ལོ་རྒྱུས་མེད་པ་རེད། ཕྱི་ལོ་༡༩༩༡ ལོར་ཨུ་རུ་སུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཏང་བའི་(Salyut)བར་སྣང་འཕུར་ཆས་༧ པ་ཞེས་པ་ལྗིད་ཚད་ཏིན་ ༢༠ ཅན་ཞིག་སའི་གོ་ལའི་སྟེང་ལྷུང་ཡོད་པ་དང་། འཕུར་ཆས་དེའི་ཆག་རོ་ལྷོ་ཨ་རིའི་ཨར་རྗན་ཊེ་ནྰ་(Argentina) རྒྱལ་ཁབ་ནང་འཐོར་ཡོད་པ་རེད། དེ་བཞིན་ཕྱི་ལོ་༡༩༧༩་ལོ་ནྰ་སྰ་མཁའ་དབྱིངས་ཚན་རིག་ཁང་གིས་(Skylab)ཞེས་པའི་བར་སྣང་འཕུར་ཆས་ལྗིད་ཚད་ཏིན་༧༧ ཅན་ཞིག་སྟངས་འཛིན་མི་ཐུབ་པར་གྱུར་ནས་ལྷུང་ཡོད་པ་དང་། གས་འཐོར་ཕྱིན་པའི་ཆག་རོ་ཆེན་པོ་དག་ཨོ་སི་ཁྲོ་ལི་ཡའི་ནུབ་རྒྱུད་ཁུལ་དུ་ལྷུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༡༣

Leave a Reply

One thought on “བར་སྣང་གི་ཕོ་བྲང་དང་པོ་ས་ལ་ལྷུང་རྒྱུ་རེད།

  1. གཞུང་པ་ཚེ་དབང་བསོད་ནམས་

    ཚན་རྩལ་རིག་པས་འཇིག་རྟེན་ཁ་ལོ་བསྒྱུར་།
    ཤེས་བྱ་མཐའ་མེད་མི་བཟོ་དགུ་བཟོ་བྱས་།
    འཇིག་རྟེན་འཇིག་པའི་ཚན་རྩལ་ནུས་པ་འདི་།
    བསམ་བཞིན་བསམ་བཞིན་སྙིང་རྗེའི་ཡུལ་དུ་ལྷག་།

    རྒྱུ་དང་རྐྱེན་དང་འབྲས་བུ་བླ་མེད་ཚོགས་།
    རྒྱུ་ཡིའི་རྣམ་བཞག་འབྲས་བུའི་སྔོན་དུ་འཁྲུངས་།
    འབྲས་བུའི་རྣམ་བཞག་རྒྱུ་ཡིའི་རྗེས་སུ་འདས་།
    རྒྱུ་འབྲས་མི་བསླུ་རྟེན་འབྱུང་གཏམ་གྱི་སྦྱིན་།