ཚན་རིག་པ་གྲཊ་ཅན་སི་ཊ་ཧྥེན་ཧོ་ཀེན་སྐུ་གྲོངས།

དེ་རིང་ཞོགས་པ་སྣང་སྲིད་དངོས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་སི་ཊ་ཧྥིན་ཧོ་ཀེན་ལགས་དབྱིན་ཡུལ་གྱི་ཁམ་བྷི་རེ་ཇིའི་རང་ཁྱིམ་དུ་སྐུ་གྲོངས་ཡོད་འདུག

དབྱིན་ཡུལ་གྱི་སྣང་སྲིད་དངོས་ཁམས་རིག་པའི་ཚན་རིག་པ་གྲགས་ཅན་སི་ཊ་ཧྥིན་ཧ་ཀེན་(Stephen Hawking)ལགས་ཀྱི་ཁྱིམ་མི་ཚོས། དེ་རིང་ཞོགས་པ་སྔ་བོར་ཁོང་ཁམ་བྷི་རེ་ཇི་ལ་ཡོད་པའི་རང་ཁྱིམ་དུ་ཞི་བར་གཤེགས་སོང་ཞེས་བསྒྲགས་ཡོད་པ་དང་། ཁོང་ནི་ཁེམ་བྷི་རེ་ཇི་གཙུག་ལག་སློབ་ཆེན་གྱི་སྣང་སྲིད་དངོས་ཁམས་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དབུ་འཛིན་ཡིན་ལ། ད་ལོར་དགུང་ལོ་ ༧༦ ཡིན་འདུག

སི་ཊ་ཧྥིན་ཧོ་ཀེན་ལགས་ཀྱི་བུ་མོ་ལྰ་ཁེ(Lucy)དང་རོ་བྷིར་ཊི་(Robert)། ཊེམ་(Tim)གསུམ་གྱིས་དབྱིན་ཡུལ་གྱི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ང་ཚོའི་བརྩེ་བའི་པ་ལགས་དེ་རིང་འདས་གྲོངས་སུ་ཕྱིན་སོང་བ་དང། ང་ཚོ་སེམས་གཏིང་ནས་སྐྱོ་བ་ཆེན་པོ་སྐྱེས་བཞིན་ཡོད། ཁོང་ནི་ཆེས་སྤྱིར་བཏང་མ་ཡིན་པའི་རླབས་ཆེན་གྱི་ཚན་རིག་པ་ཞིག་དང་ཁོང་གིས་མིའི་རིགས་ལ་བཞག་པའི་ཤུལ་བཞག་དེ་དུས་ནམ་ཡང་གསོན་པོར་གནས་ཐུབ་པ་ཞིག་ཡིན་པ་རེད། ཅེས་བརྗོད་ཡོད་འདུག

ཁོང་ལ་ནད་གཞི་ཞིག་གི་རྐྱེན་བྱས་ཏེ་ལོ་མང་རིང་གཟུགས་པོར་འགུལ་སྐྱོད་མེད་པར་རྐུབ་བཀྱག་འཁོར་ལོར་འདུག་དགོས་བྱུང་ཡོད་པ་དང་། མཐའ་ན་སྐད་ཆ་ཡང་སྒྲ་ཕབ་འཕྲུལ་ཆས་བརྒྱུད་ནས་བཤད་དགོས་བྱུང་གི་ཡོད་ན་ཡང་། ཁོས་སྔར་བཞིན་མིའི་རིགས་ཀྱི་འཇིག་རྟེན་ལ་ལྐོག་ཏུ་གྱུར་བའི་གསང་བ་མང་པོ་ཞིག་འཚོལ་ཞིབ་དང་། སྒྲ་ཕབ་འཕྲུལ་ཆས་བརྒྱུད་གཏམ་བཤད་དང་འཚོལ་ཞིབ་ཀྱི་གནས་ལུགས་མང་པོ་འགྲེལ་བཤད་བརྒྱབས་ཡོད་པས་མི་རྣམས་ཀྱིས་ཁོང་ནི་བླ་མེད་ཀྱི་སྐྱེས་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཚན་རིག་པ་སི་ཊ་ཧྥིན་ཧོ་ཀེན་ལགས་ནི་ཕྱི་ལོ་ ༡༩༤༢ ཟླ་༡ཚེས་ ༨ ཉིན་དབྱིན་ཡུལ་གྱི་ཨོག་སི་ཧྥོར་ཌིར་སྐྱེས་ཡོད་པ་དང་། ཁོང་གི་པ་ལགས་ནི་ཡུལ་དེའི་གསོ་རིག་ཞིབ་འཇུག་ཁང་ཞིག་གི་དྲུང་ཆེ་དང་། ཨ་མ་ལགས་ནི་ཞིབ་འཇུག་ཁང་དེའི་ཞིབ་འཇུག་པ་ཞིག་ཡིན་འདུག སི་ཊ་ཧྥིན་ཧོ་ཀེན་རང་ལོ་ ༢༠ ཐོག་དབྱིན་ཡུལ་གྱི་བུད་མེད་རྩོམ་པ་པོ་ཇོན་ཧོ་ཀེན་དང་གཉེན་སྒྲིག་བྱས་ཏེ། བྱིས་པ་བུ་གཉིས་དང་བུ་མོ་ཞིག་ཡོད་འདུག

སི་ཊ་ཧྥེན་ཧོ་ཀེན་ལ་ཆུང་དུས་ནས་མི་གཤིས་ཁྱད་པར་བ་ཞིག་ཡོད་པ་མ་ཟད། དཀའ་སྤྱད་འབད་བརྩོན་ཅན་གྱི་མི་ཞིག་ཡིན་ལ། ཁོང་གི་འཇིག་རྟེན་འཚོལ་ཞིབ་དང་གསར་རྙེད་ཀྱི་གསང་བ་མང་པོས་ཁོང་ཉིད་འཛམ་གླིང་གི་ཚན་རིག་པའི་ཁྱུ་མཆོག་ཅིག་ཏུ་ཆགས་ཡོད་པ་དང་། དཔྱད་ཞིབ་པ་མང་པོས་དུས་རབས་འདིར་ཚན་རིག་པ་ཨེ་ཡན་སི་ཐན་དང་ནེའུ་ཊིན་གཉིས་ལ་འགྲན་ཐུབ་པའི་ཚན་རིག་རིག་པ་ཞིག་ནི་ཁོ་ཡིན་པར་བཤད།

ཁོང་གི་ཆེས་གྲགས་ཆེ་བའི་མཛད་རྗེས་གཅིག་ནི། ཕྱི་ལོ་༡༩༨༨ ལོར་བརྩམས་པའི་དེབ་༼དུས་ཀྱི་ལོ་རྒྱུས་བསྡུས་པ་ཞིག༽ཞེས་པ་དེ་ཡིན་པ་དང་། དེབ་དེའི་ནང་འཇིག་རྟེན་ཁམས་ཀྱི་གས་འཐོར་ཆེན་མོ་(Big Bang)ནས་བུ་ག་ནག་པོ་(Black Holes)བར་གྱི་འཇིག་རྟེན་གྱི་གསང་གནད་མང་པོར་འཚོལ་ཞིབ་དང་། བར་སྣང་ཁམས་དང་དུས་ཚོད་ཀྱི་འབྲེལ་གནས་སོགས་ཀྱི་སྐོར་ནས་བཤད་ཡོད་པ་རེད། ཁོང་གི་དེབ་ནང་དུ་གཞི་རྩའི་ཚན་རིག་གི་རྣམ་བཞག་གཉིས་ཀྱི་ངོས་ནས་འཇིག་རྟེན་ལ་འགྲེལ་བཤད་བྱས་ཡོད་པ་དང་། རྣམ་བཞག་དེ་གཉིས་ནི་ལྟོས་གྲུབ་རིག་པ་(General relativity)དང་ཁོན་ཊོམ་དངོས་ཁམས་རིག་པ་(Quantum physics)གཉིས་ཡིན་པ་རེད། མདོར་ན་དེབ་དེ་ནི་དུས་རབས་འདིའི་སྣང་སྲིད་རིག་པའི་(Cosmology)སྐོར་གྱི་དཔེ་དེབ་ཆེས་གྲགས་ཆེ་བ་ཞིག་ཆགས་ཏེ། དེབ་གྲངས་ས་ཡ་༡༠ དཔར་བསྐྲུན་བྱེད་དགོས་བྱུང་ཡོད་པ་རེད། དེ་བཞིན་ཁོང་གིས་སའི་གོ་ལ་ལས་འདས་པའི་འཇིག་རྟེན་གཞན་དང་གླིང་གཞན་དུ་མི་ཡོད་པ་མ་ཟད། ནམ་ཞིག་གི་ཚེ་ན་དེ་དག་གིས་ང་ཚོའི་གོ་ལར་བཙན་འཛུལ་བྱེད་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༡༥

Leave a Reply

One thought on “ཚན་རིག་པ་གྲཊ་ཅན་སི་ཊ་ཧྥེན་ཧོ་ཀེན་སྐུ་གྲོངས།

  1. བསྟན་འཛིན་རིག་བཟང་།

    གསར་འགྱུར་ཡག་གི ཐ་སྙད་ཁག་ཅིག་གི་སྒྱུར་སྟངས་ཧ་ཅང་གནད་ཟིན་པ་རེད་འདུག ཡི་རངས་ཡོད།