ཆབ་སྲིད་ལྐོག་ཇུས་ཆེན་མོ་ངོ་མཚར་བའི་རྒྱ་ནག

ཞི་ཅིན་ཕིན་གྱིས་སྣེ་འཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པ་དྲིལ་བསྒྲགས་ཀྱི་ངོ་མཚར་བའི་རྒྱ་ནག་ཞེས་པའི་དངོས་བཤུས་གློག་བརྙན་དེ་རྒྱ་ནག་གི་གློག་བརྙན་ཁྲོམ་རའི་ནང་གི་བྲིན་ཆེས་ཆེ་བའི་གློག་བརྙན་ཨང་གཉིས་པ་དེ་ཆགས་ཡོད་སྐོར་བསྒྲགས་འདུགརྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་དང་བསྟུན། རྒྱ་ནག་ནང་དུ་ངོ་མཚར་བའི་རྒྱ་ནག་ཞེས་པའི་ཆབ་སྲིད་དྲིལ་བསྒྲགས་ཀྱི་དངོས་བཤུས་གློག་བརྙན་ཞིག་སྟོན་གྱི་ཡོད་པ་དང་། གློག་བརྙན་དེའི་བརྗོད་དོན་གཙོ་བོ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་དུས་ཡུན་རིང་དམར་ཤོག་ཚོགས་པས་རྒྱ་ནག་འཕེལ་རྒྱས་ཀྱི་ལམ་ལ་སྐུལ་འདེད་བཏང་སྟེ་གྲུབ་འབྲས་རླབས་ཆེན་ཐོན་ཡོད་པ་དང་། ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ལྟ་བའི་འོག་རྒྱ་ནག་གིས་ཚན་རྩལ་དང་ཆབ་དཔལ་རིག་གསུམ་ལ་སྔར་ན་མེད་པའི་ཡར་རྒྱས་དང་འཛམ་གླིང་ལ་ཤུགས་རྐྱེན་བཞག་ཡོད་པའི་སྐོར་ཡིན་འདུག

གློག་བརྙན་དེ་རྒྱ་ནག་གཞུང་འབྲེལ་(CCTV)གསར་ཁང་དང་གཞུང་འབྲེལ་གློག་བརྙན་བཟོ་སྐྲུན་ཁང་གཉིས་མཉམ་འབྲེལ་ཐོག་བཟོས་ཡོད་པ་དང་། དངོས་བཤུས་གློག་བརྙན་དེ་གློག་བརྙན་ཁང་དག་ནས་སྟོན་མགོ་ཚུགས་ཏེ་ཉིན་ལྔའི་ནང་ཡོང་འབབ་ཨ་སྒོར་ས་ཡ་ ༡༩།༧ བསགས་ཏེ། རྒྱ་ནག་གི་གློག་བརྙན་ཁྲོམ་རའི་ནང་གི་བྲིན་ཆེས་ཆེ་བའི་གློག་བརྙན་ཨང་གཉིས་པ་དེ་ཆགས་ཡོད་འདུག

གློག་བརྙན་འཆར་ངོས་སུ་སྤུས་ཚད་ཆེས་ཡག་པའི་བརྙན་རིས་བཀོལ་ནས་ཞི་ཅིན་ཕིན་གྱི་ལོ་ལྔའི་རིང་ལ་རྒྱ་ནག་གི་ས་མཚོ་གནམ་གསུམ་གྱི་ལས་གཞི་ལ་གྲུབ་འབྲས་ཐོན་པ་དང་། དེ་བཞིན་བོད་དང་ཡུ་གུར་གཙོའི་གྲངས་ཉུང་མི་རིགས་ཁག་གི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ་དབུལ་བོ་མང་ཚོགས་འབྱོར་ཕྱུགས་ཅན་ཏུ་བསྒྱུར་བ། རང་བྱུང་ཁམས་དང་རི་དྭགས་སེམས་ཅན་ལ་རང་དབང་བདེ་འཇགས་ཅན་གྱི་ཁོར་ཡུག་བསྐྲུན་ཡོད་པ་སོགས། མདོར་ན་རྒྱ་རིགས་མང་ཚོགས་ལ་རྒྱལ་ཞེན་གྱི་སེམས་ཤུགས་སྐུལ་སློང་བྱེད་ཐབས་ཀྱི་དྲིལ་བསྒྲགས་གློག་བརྙན་ཞིག་ཆགས་ཡོད་འདུག

ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་དེའི་སྐོར་བྲིས་པའི་ནང་། འདས་པའི་ལོ་ཤས་ནང་བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ཁག་གི་ནང་དུ་རྒྱ་ནག་གཞུང་གི་སྲིད་ཇུས་འཛིན་སྟངས་ལ་མི་འཐད་པའི་ངོ་རྒོལ་བྱེད་མཁན་བསྟུད་མར་ཡོང་གི་ཡོད་ན་ཡང་། དེ་དག་གློག་བརྙན་དེའི་ནང་ཟུར་ཙམ་ཡང་འཁོད་མི་འདུག་ལ། དེ་བཞིན་ལོ་ལྔའི་རིང་ཞི་ཡིས་སྟག་དང་སྦྲང་མར་འཐབ་པའི་སྐོར་དང་རྒྱ་ནག་ནང་མཁའ་རླུང་འབག་བཙོག་གིས་བཀའ་ངལ་ཤུགས་ཆེར་འཕྲད་བཞིན་པ་སོགས་འཁོད་མི་འདུག ཅེས་བརྗོད་འདུག

རྒྱ་ནག་གཞུང་གིས་ཚོགས་ཆེན་རེ་རེ་དང་བསྟུན་ནས་རྒྱ་ནག་ནང་དུ་ཟིང་འཁྲུག་མི་ཡོང་བ་དང་མི་མང་ལ་མགོ་འཁོར་ས། ལྷག་པར་དུ་རྒྱ་ནག་དམར་ཤོག་ཚོགས་པར་ཆེ་མཐོང་དང་གུས་བརྩི་འཐོབ་ཆེད་དམར་ཤོག་དྲིལ་བསྒྲགས་བྱེད་པའི་གློག་བརྙན་དེ་འདྲ་ཆེད་དུ་བཟོ་ཡི་ཡོད་པ་ལྟར། དེ་སྔོན་ཚོགས་ཆེན་༡༩ པ་ཟེར་བ་ཚོགས་པའི་སྐབས་སུ་མིང་ལ་སྤྱང་ཀི་དཔའ་རྟུལ་ཞེས་པའི་རྒྱ་ནག་གི་དྲག་ཆས་དམག་མི་ཞིག་གིས། རྒྱལ་ཁབ་གཞན་གྱི་དམག་འཁྲུག་ནང་ཞུགས་ཏེ་འཛམ་གླིང་ཞི་བདེ་སྲུང་སྐྱོབ་བྱས་ཚུལ་གྱི་གློག་བརྙན་བསྟན་ཏེ། མང་ཚོགས་ཁྲོད་རྒྱ་ནག་དམག་དཔུང་གི་རླབས་ཆེན་བྱས་རྗེས་བཞག་ཡོད་པའི་ཆབ་སྲིད་ཀྱི་བསླུ་བྲིད་གཏོང་ཐབས་བྱས་ཡོད་པ་རེད།

ཐེངས་འདིའི་ངོ་མཚར་བའི་རྒྱ་ནག་ཞེས་པ་དེར་སྲིད་གྲོས་ཀྱི་ཚོགས་འདུར་ཞོགས་པའི་འཐུས་མི་ཚང་མར་ལྟ་རུ་བཅུག་ཡོད་པ་དང་། དེ་བཞིན་མང་ཚོགས་ཚང་མས་ངེས་པར་དུ་ལྟ་དགོས་སྐོར་བརྗོད་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དག་ཏུ་སྟོན་གྱི་ཡོད་པ་མ་ཟད། མི་མང་ལ་ལྟ་དགོས་པར་སྐུལ་སློང་དང་བཙན་ཐབས་ཀྱིས་གློག་བརྙན་སྒང་ལ་རང་གི་བསམ་ཚུལ་སོགས་འབྲི་བཅུག་གི་ཡོད་སྟབས།  རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་མི་མང་པོས་བཙན་ཐབས་ཀྱིས་ལྟ་བཅུག་པར་སྐྱོན་བརྗོད་སོགས་བྱེད་ཀྱི་ཡོད་པ་དང་། ཝེ་པོ་དྲ་རྒྱའི་ངོས་སུ་མི་ཞིག་གིས་དེ་ནི་བྱིས་པ་ཞིག་གློག་བརྙན་ལྟ་རུ་འཁྲིད་དེ་ཕྱིར་སླེབས་པ་དང་གློག་བརྙན་དེའི་སྒང་ལ་ནང་ལས་འབྲི་བཅུག་པ་འདྲ་བོ་འདུག ཅེས་བརྗོད་ཡོད་འདུག

གློག་བརྙན་དེའི་ནང་དུ་དམིགས་བསལ་ཆབ་སྲིད་ཀྱི་དཀའ་རྙོག་ཆེ་བའི་ས་ཁུལ་ཁག་ནས་མི་རེ་གཉིས་ལ་དམར་ཤོག་ཚོགས་པར་བསྟོད་བསྔགས་གཏོང་དུ་བཅུག་སྟེ་སྤྱི་ཚོགས་ལ་མགོ་སྐོར་དང་བསླུ་བྲིད་གཏོང་ཐབས་བྱས་ཡོད་པ་ལྟར། བོད་རིགས་ཨ་མ་རྒན་མོ་ཞིག་གིས་སྲིད་གཞུང་གིས་ང་ཚོ་དབུལ་བོ་ལས་སྐྱོབ་པ་རེད། དམར་ཤོག་ཚོགས་པ་ང་ཚོར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། དམར་ཤོག་ཚོགས་པ་ཡུན་གནས་ཡོང་བར་ཤོག ཅེས་བརྗོད་ཡོད་འདུག

ཧྲང་ཧེ་གློག་བརྙན་ཁང་དུ་མི་མང་པོས་ཐོག་མར་མགོ་ཚུགས་པ་དང་མི་དགའ་བའི་རྣམ་འགྱུར་སྟོན་པ་དང་མི་མང་པོ་ཞིག་དེ་མ་ཐག་ཕྱི་ལ་བུད་པ། མི་མང་པོ་གཉིད་ཁུག་སྟེ་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད་ན་ཡང་། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་ངོ་མཚར་བའི་རྒྱ་ནག་ལ་རྒྱལ་ནང་དུ་དགའ་བསུ་ཆེན་པོ་ཐོབ་སྟེ་ཉིན་ཁ་ཤས་རིང་རྒྱ་སྒོར་ས་ཡ་ ༢༦༧ ལེན་ཐུབ་ཡོད་སྐོར་བརྗོད་འདུག

འདས་པའི་ལོ་མང་རིང་རྒྱ་ནག་གིས་ཕྱི་རྒྱལ་གྱི་གློག་བརྙན་མང་པོ་རྒྱ་ནག་ལ་སྟོན་རྒྱུ་བཀག་འགོག་བྱས་ཏེ། གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པའི་སྐོར་དང་མི་མང་ལ་རྒྱལ་ཞེན་སྐུལ་སློང་གི་གློག་བརྙན་སྟོན་ཅི་ཐུབ་བྱེད་ཀྱི་ཡོད་པ་མ་ཟད། ད་ལོར་རྒྱ་ནག་གཞུང་གི་གློག་བརྙན་ལྟ་བཤེར་ལྷན་ཁང་ཟེར་བས་ཕྱི་ཟླ་ ༡ ཚེས་༣༠་བར་རྒྱ་ནག་མི་མང་གི་གློག་བརྙན་ཁང་ ༥༠༠༠ ལ་བཀའ་རྒྱ་བཏང་སྟེ་རྒྱལ་ཞེན་གྱི་མཚོན་དོན་ཡོད་པའི་གློག་བརྙན་སྟོན་དགོས་པར་སྐུལ་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༨/༠༣/༡༥

Leave a Reply